སློབ་མ་བསྟན་འཛིན་ནོར་དབྱངས་ལགས་སུ་གསེར་གྱི་གཟེངས་རྟགས་ཐོབ་འདུག

2021.09.04
Share on WhatsApp
Share on WhatsApp
སློབ་མ་བསྟན་འཛིན་ནོར་དབྱངས་ལགས་སུ་གསེར་གྱི་གཟེངས་རྟགས་ཐོབ་འདུག
RFA

ཉེ་ལམ་རྒྱ་གར་ལྷོ་ཕྱོགས་ཀར་ན་ཀྲ་ཀ་མངའ་སྡེའི་གྲོང་ཁྱེར་བྷ་ལ་གྷ་ཝི་(Belgaum) ཞེས་པའི་ནང་རྒྱ་གར་གྱི (KLE Academy of Higher Education and Research)མཐོ་རིམ་ཤེས་ཡོན་དང་ཉམས་ཞིབ་བསྟི་གནས་ཁང་གི་བསླབ་པ་མཐར་སོན་གྱི་མཛད་སྒོའི་ཐོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་ནས་ཡིན་པ་བུ་མོ་བསྟན་འཛིན་ནོར་དབྱངས་ལགས་སུ་མཐོ་སློབ་ཁང་དེའི་ནང་།ཕྱི་ལོ་༢༠༡༦ནས་༢༠་བར་ཚན་རིག་དང་འབྲེལ་སྨན་ཞབས་པའི་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་ལོ་བཞི་སློབ་སྦྱོང་གནང་པའི་རིང་།འདིར་ཡིག་རྒྱུགས་ཀྱི་གྲུབ་འབྲས་བརྒྱ་ཆ་༧༥ཡན་ལོན་པ་མ་ཟད་།ད་དུང་ཁོང་མོའི་འཛིན་གྲྭའི་ནང་སློབ་མ་༡༠༣་ཡོད་པའི་ཁྲོད་ལོ་བཞི་ཀར་འཛིན་གྲྭའི་ནང་ནས་ཡིག་རྒྱུགས་གྲུབ་འབྲས་རྩེ་ཕུད་སོན་ཏེ།གསེར་གྱི་གཟེངས་རྟགས་ཐོབ་པ་དེར་དགའ་སྤོབས་ཆེན་པོ་གནང་གི་འདུག་ལ། ཡིག་རྒྱུགས་གྲུབ་འབྲས་རྩེ་ཕུད་ཀྱི་གཟེངས་རྟགས་ཐོབ་པ་དེ་ནི་གཙོ་བོ་ད་བར་སྔ་ཕྱི་བར་གསུམ་དུ་དགེ་རྒན་གྱི་སློབ་ཁྲིད་གནང་བའི་བཀྲིན་ཡིན་པའི་ཁར། ཁོང་མོས་རྒྱུན་དུ་འཛིན་གྲྭར་རྒྱུན་ཆད་མེད་པར་བསྐྱོད་དེ་སློབ་སྦྱོང་ལ་དོ་སྣང་སྦྱང་བརྩོན་བྱས་པ་སོགས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་འགྲེལ་བརྗོད་གནང་གི་འདུག
གཞི་རྩའི་བསྟན་འཛིན་ནོར་དབྱངས་ལགས་སུ་ད་ལན་ཡིག་རྒྱུགས་གྲུབ་འབྲས་རྩེ་ཕུད་སོན་པ་ཙམ་མ་ཡིན་པར།དེ་སྔོན་ཁོང་མོ་མོན་གྷོའི་ནང་གཞི་རིམ་སློབ་གྲྭའི་སྐབས་སུ་ཡང་ཡིག་རྒྱུགས་གྲུབ་འབྲས་རྩེ་ཕུད་གྲས་སུ་བསླེབས་པ་མ་ཟད། འཛིན་རིམ་༡༢་སྐབས་སུ་ཡང་འཛིན་གྲྭའི་ནང་ཡིག་རྒྱུགས་རྩེ་ཕུད་སོན་ཡོད་ན་ཡང་། ཁོང་མོའི་དྭང་བླངས་དཔྱ་ཁྲལ་ལག་དེབ་ཀྱི་ནང་མིང་ནོར་བ་འཁོད་པའི་རྐྱེན་གྱིས་བོད་ཕྲུག་གཞན་ལྟར་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ནས་མཐོ་སློབ་སློབ་ཡོན་ཐོབ་མེད་ནའང་། མོན་གྷོ་འདོད་རྒུ་གླིང་གཞིས་ལས་ཁང་བརྒྱུད་ཨ་རི་ནས་ཨ་མ་ཅི་ལགས(Ama Chelak Scholarship Sponsor)ནས་སློབ་ཡོན་རོགས་སྐྱོར་གནང་བའི་ཁར།ཕ་མ་རང་ཉིད་ནས་རྒྱབ་སྐྱོར་གནང་བ་བཅས་ལ་བརྟེན། ད་ལན་གོ་སྐབས་འདི་བརྒྱུད་ནས་ཁོང་རྣམ་པར་བཀྲིན་རྗེས་དྲན་གནང་གི་འདུག
གཞི་རྩའི་ཁོང་མོར་རྒྱུན་ལྡན་ནས་ཕ་མ་གཉིས་ཀྱིས་ལམ་སྟོན་འོག་སློབ་སྦྱོང་བྱས་ཏེ་སྤྱི་ཚོགས་ནང་ཞབས་ཞུ་སྒྲུབ་རྒྱུ་སྤྱི་དང་།ལྷག་པར་དུ་ནད་པ་ཚོར་ཕན་ཐོགས་བསྒྲུབ་དགོས་པའི་ལམ་སྟོན་གནང་བ་གཞིར་བཟུང་།ཁོང་མོས་སྤྱི་ཚོགས་ནང་ཞབས་ཞུ་བསྒྲུབ་པའི་བརྒྱུད་ལམ་ཡག་ཤོས་ཤིག་ནི་སྨན་ཞབས་པའི་ལས་ཀ་དེ་མཐོང་ནས་ལས་དོན་དེར་ཞུགས་རྒྱུར་འདུན་པ་བྱུང་ཞེས་གསུང་གི་འདུག
གཞན་ཡང་ཁོང་གིས་རྒྱུད་ལམ་འདིའི་ཐོག་ནས་བོད་རིགས་གཞོན་སྐྱེས་རྣམས་ལ་སོ་སོ་མི་ཚེའི་ནང་དཀའ་ལས་བརྒྱབ་ཏེ་ལས་དོན་མཇུག་སྐྱོང་དགོས་པ་མ་ཟད།རང་ཉིད་ལ་གདེང་སྤོབས་དགོས་རྒྱུ་གལ་ཆེན་པོ་ཡིན་པ་བརྡ་ལན་གནང་གི་འདུག བསྟན་འཛིན་ནོར་དབྱངས་ལགས་ནི་མོན་གྷོ་འདོད་རྒུ་གླིང་གཞིས་གྲོང་༦པ་ནས་ཡིན་ཞིང་།ཁོ་མོར་ཕ་མ་གཅིག་པའི་སྤུན་མཆེད་གཅེན་མོ་ལྔ་ཡོད་པ་ལས་གཅིག་ཟ་ཁང་འཛིན་སྐྱོང་གི་ཐོག་སློབ་སྦྱོང་གནང་བ་ལས་གཞན་བཞི་ནི་སྨན་ཞབས་པའི་སློབ་ཐོན་བྱུང་ཡོད་པ་རེད་འདུག
བར་ལམ་ནས་བཟུང་རྒྱ་གར་མཐོ་སློབ་ཁག་གི་ནང་ཡིག་རྒྱུགས་གྲུབ་འབྲས་རྩེ་ཕུད་སོན་མཁན་བོད་པའི་སློབ་མ་ཇེ་མང་དུ་འགྲོ་བཞིན་ཡོད་པ་ལྟར།འདི་ལོར་རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པི་ལུགས་བདེ་གཞིས་ཁུངས་གཉིས་ནས་བུ་མོ་བསྟན་འཛིན་ཆོས་འཛོམས་ལགས་དང་བསོད་ནམས་ཆོས་སྐྱིད་ལགས་རྣམ་གཉིས་ནས།རྒྱ་གར་ལྷོ་ཕྱོགས་སྦེང་ལོར་དྷ་ཡ་ནན་ས་གྷར་( Bangalore Dayannad Sagar College)མཐོ་སློབ་ཁང་ནས་ཚོང་རིག་དང་འབྲེལ་བའི་ཉེ་བའི་གཙུག་ལག་རབ་འབྱམས་ནང་ཡིག་རྒྱུགས་གྲུབ་འབྲས་རྩེ་ཕུད་གསེར་གྱི་གཟེངས་རྟགས་ཐོབ་ཡོད་པ་རེད།

གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། ཨོ་རྒྱན་བསྟན་འཛིན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་དོན་ཡོད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་གིས་རྒྱ་ནག་གི་བྱ་སྤྱོད་ལ་ཡིད་གཟབ་གནང་དགོས་བ་ཉི་ཧོང་དུ་གསུངས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎