༸གོང་ས་མཆོག་བོད་གཞུང་འཛིན་སྐྱོང་མཛད་འགན་ནས་བགྲེས་ཡོལ་ཕེབས་སྲིད།

༸གོང་ས་མཆོག་གིས་བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་གི་མཛད་འཁུར་ནས་བགྲེས་ཡོལ་དུ་ཕེབས་རྒྱུའི་དགོངས་གཞི་གནང་ཡོད་པ་རེད།

2010.11.26

༄༅༎བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་བོད་གཞུང་འཛིན་སྐྱོང་ཕྱག་ལས་ཀྱི་མཛད་འཁུར་བཞེས་རྒྱུ་ནས་བགྲེས་ཡོལ་གནང་སྲིད་པའི་སྐོར་ཉེ་ཆར་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་ཡོད་ཀྱང་ བཙན་བྱོལ་བོད་གཞུང་གི་འབྲེལ་ཡོད་འགན་འཁུར་བས། ༸གོང་ས་མཆོག་གིས་བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་གི་མཛད་འཁུར་ནས་བགྲེས་ཡོལ་དུ་ཕེབས་རྒྱུའི་དགོངས་གཞི་གནང་ཡོད་པའི་སྐོར་གསུངས་ཡོད་པ་རེད།

དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་སྒེར་དྲུང་ཆེ་སྟག་ལྷ་བསྟན་འཛིན་རྣམ་དག་ལགས་ཀྱིས་རྒྱ་གར་གྱི་གསར་འགྱུར་ལས་ཁང་IANSཞེས་པའི་བཅར་འདྲི་དང་ལེན་གནང་སྐབས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསར་འགོད་པར། བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་གི་མཛད་འཁུར་ནས་བགྲེས་ཡོལ་དུ་ཕེབས་རྒྱུའི་དགོངས་གཞི་གནང་གི་ཡོད་པའི་སྐོར་གསུངས་ཡོད་པའི་གསལ་བཤད་གནང་བ་དང་ གལ་ཏེ་༸གོང་ས་མཆོག་ནས་བགྲེས་ཡོལ་དུ་ཕེབས་རྒྱུའི་ཐུགས་གཏན་འཁེལ་ཟིན་ཡོད་ན་ཡང་ དངོས་སུ་བགྲེས་ཡོལ་དུ་ཕེབས་པར་ད་དུང་ལོ་གཅིག་ཙམ་གྱི་དུས་ཚོད་འགོར་སྲིད་པའི་སྐོར་གསུངས་ཡོད་ཅིང་ དེ་ནི་མ་འོངས་པའ་༢༠༡༡ལོའི་ཕྱི་ཟླ་གསུམ་པའི་ནང་བཙན་བྱོལ་བོད་མིའི་གྲོས་ཚོགས་སྐབས་༡༥པའི་ཚོགས་དུས་སྐབས་༸གོང་ས་མཆོག་གིས་བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་གི་མཛད་འཁུར་ནས་བགྲེས་ཡོལ་དུ་ཕེབས་རྒྱུའི་བཀའ་བསྩལ་གནང་རྒྱུའི་དགོངས་གཞི་ཡོད་པ་དང་ དེ་ནས་འབྱུང་འགྱུར་གྱི་ཟླ་བ་དྲུག་ནང་ད་ལྟ་མཛད་འཁུར་བཞེས་བཞིན་པའི་འཛིན་སྐྱོང་ཕྱག་ལས་རྣམས་རྩིས་སྤྲོད་གནང་རྒྱུའི་ཕྱག་ལས་དབུ་བཙུགས་གནང་རྒྱུའི་དགོངས་གཞི་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད། འོན་ཀྱང་སྐུ་སྒེར་དྲུང་ཆེ་སྟག་ལྷ་བསྟན་འཛིན་རྣམ་དག་ལགས་ཀྱིས། གནས་ཚུལ་ཐོན་པ་དེ་དགད་ད་ལྟའི་ཆར་༸གོང་ས་མཆོག་ནས་དངོས་སུ་ཐག་གཅོད་ཟིན་པ་ཞིག་མ་ཡིན་པར་དགོངས་གཞི་གནང་བཞིན་པའི་གནས་ཚུལ་ཞིག་ཡིན་པའི་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས། ༡༩༦༩ཙམ་ནས་ཏཱ་ལའི་བླ་མས་མུ་མཐུད་མཛད་འཁུར་བཞེས་དང་མི་བཞེས་ནི་བོད་མི་ཚོའི་འདེམས་ཀ་བྱ་རྒྱུ་ཡིན་པའི་སྐོར་བཀའ་བཞིན་ཡོད་པ་དང་ ལྷག་པར་དུ་སྤྱི་ལོ་༢༠༠༢ནས་བཟུང་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ཀྱི་དབུ་ཁྲིད་བཀའ་བློན་ཁྲི་པ་མི་དམངས་ཀྱིས་ཐད་ཀར་འོས་འདེམས་བྱེད་རྒྱུའི་ལས་དོན་འགོ་བཙུགས་པ་ནས་བཟུང་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་གཞུང་གི་འཛིན་སྐྱོང་གི་མཛད་འཁུར་ནས་ཕྱེད་བགྲེས་ཡོལ་ལྟ་བུ་ཕེབས་ཟིན་པའི་བཀའ་གནང་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎