བོད་དོན་ཆེད་ཛ་དྲག་གི་ཚོགས་ཆེན་བསྐོང་ཚོགས་དགོས་སྐོར།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་དོན་ཆེད་ཛ་དྲག་གི་ཚོགས་ཆེན་ཞིག་སྐོང་ཚོགས་བྱེད་དགོས་པའི་བཀའ་ཡིག་ཕེབས་ཡོད་པ་རེད།

2008.09.12

༄༅༎བོད་ཀྱི་དབུ་འཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་དོན་ཆེད་ཛ་དྲག་གི་ཚོགས་ཆེན་ཞིག་སྐོང་ཚོགས་བྱེད་དགོས་པའི་བཀའ་ཡིག་ཕེབས་ཡོད་པ་རེད།

དེ་ཡང་བཙན་བྱོལ་བོད་གཞུང་གནས་འཕྲིན་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བར་ བོད་ཀྱི་དབུ་འཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་ བཀའ་ཤག་བཅས་ལ་ད་ལོ་ཟླ་བ་བཅུ་གཅིག་དང་ཡང་ན་བཅུ་གཉིས་པའི་ནང་བོད་ཀྱི་རྩ་དོན་ཐད་གྲོས་མོལ་གྱི་ཛ་དྲག་ཚོགས་ཆེན་ཞིག་སྐོང་ཚོགས་བྱེད་དགོས་པ་གཟའ་པ་སངས་ཚེས་༡༡ཉིན་བཀའ་ཡིག་ཕེབས་ཡོད་པ་དང་། དེའི་ནང་༸གོང་ས་མཆོག་གིས་ སྤྱིར་བཏང་འཛམ་གླིང་གི་གནས་སྟངས་དང་ ཡང་སྒོས་ཉེ་ལམ་བོད་ནང་དུ་བྱུང་བའི་དོན་རྐྱེན་ལ་གཞིགས་ནས་བོད་ཀྱི་བཅའ་ཁྲིམས་དོན་ཚན་༥༩པའི་དགོངས་དོན་བཞིན་ཛ་དྲག་གི་ཚོགས་ཆེན་ཞིག་སྐོང་ཚོགས་བྱེད་དགོས་པ་ ད་ལྟ་ཚོགས་བཞིན་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ལ་བཀའ་ཡིག་གནང་ཡོད་པ་རེད། བོད་ཀྱི་བཅའ་ཁྲིམས་དོན་ཚན་༥༩པའི་ནང་ ཛ་དྲག་དང་གལ་ཆེའི་ལས་དོན་ཐོག་རྒྱ་ཆེའི་མི་མང་གི་བསམ་ཚུལ་གྲོས་བསྡུར་དགོས་པའི་གནས་ཚུལ་བྱུང་སྐབས་ ༸གོང་ས་མཆོག་ནས་བཀའ་བསྩལ་བའམ་ ཡང་ན་བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ ཚོགས་གཞོན་བཅས་གྲོས་བསྡུར་ཐོག ༸གོང་ས་༸སྐྱབས་མགོན་ཆེན་པོར་སྙན་སེང་བཀའ་འཁྲོལ་བྱུང་བསྟུན་དམིགས་བསལ་ཚོགས་ཆེན་བསྡུ་བསྐོང་གནང་འཐུས་ཞེས་གསལ་ཡོད་པ་རེད། ༸གོང་ས་མཆོག་གི་ཕྱག་ཡིག་དེའི་ནང་དུ་ ཛ་དྲག་གི་ཚོགས་ཆེན་ནང་འཐུས་མི་སུ་ཞུགས་དགོས་མིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་ ཡང་ན་རྒྱུན་ལས་ཀྱི་བཀའ་ཤག་དང་ལྷན་དུ་ཐག་གཅོད་བྱེད་དགོས་པ་གསལ་ཡོད་ཅིང་ སྤྱི་འཐུས་ཚོགས་གཙོ་ཀརྨ་ཆོས་འཕེལ་ལགས་ཀྱིས་ ༸གོང་ས་མཆོག་ནས་བསྩལ་བའི་བཀའ་ཡིག་དེ་གྲོས་ཚོགས་ནང་འཇགས་ཀློག་གནང་རྗེས་ ད་ལྟ་གྲོས་ཚོགས་འཚོགས་བཞིན་ཡོད་པར་བརྟེན་གཟའ་འཁོར་རྗེས་མའི་གཟའ་ཟླ་བའི་ཉིན་དེའི་ཐད་གྲོས་མོལ་གནང་རྒྱུ་ཡིན་ཞེས་གསུང་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎