༸གོང་ས་མཆོག་རྒྱ་གར་གྱི་སར་ཆིབས་བསྒྱུར་གནང་ན་འགྲིགས།

༸གོང་ས་མཆོག་རྒྱ་གར་གྱི་ས་ཕྱོགས་གང་དུ་ཆིབས་བསྒྱུར་གནང་ཡང་འགྲིགས་ཀྱི་རེད་ཅེས་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ནས་གསུངས་འདུག

2009.09.17

༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་ས་ཕྱོགས་གང་དུ་ཆིབས་བསྒྱུར་གནང་ཡང་འགྲིགས་ཀྱི་རེད་ཅེས་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་མཆོག་གིས་གསུངས་གནང་འདུག

བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ལོའི་ཕྱི་ཟླ་བཅུ་གཅིག་པའི་ནང་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་ནང་ཆིབས་བསྒྱུར་གནང་རྒྱུའི་མཛད་འཆར་ཡོད་པའི་སྐོར་ཉེ་ཆར་གསར་འགྱུར་བརྒྱུད་ལམ་ནང་ཐོན་པའི་རྗེས་སུ་རྒྱ་ནག་ནས་སྐྱོན་བརྗོད་ཞུས་ཡོད་པ་རེད། དེ་ཡང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་མ་འཇེང་ཡུས་གསར་འགོད་ལྷན་ཚོགས་ཤིག་ཐོག་གནད་དོན་འདིའི་སྐོར་བཅར་འདྲི་ཞུས་པའི་སྐབས་ཁྱེད་ཚོས་ཨ་རུ་ན་ཅལ་ཞེས་འབོད་བཞིན་པའི་མངའ་ཁུལ་དེ་ནི་རྩོད་གཞི་ཅན་ཞིག་རེད། དེ་འདྲ་ཡིན་དུས་ཁུལ་དེར་ཏཱ་ལའི་བླ་མ་བསྐྱོད་རྒྱུར་ང་ཚོས་ངོ་རྒོལ་ཡོད་ཅེས་ལན་རྒྱབ་ཡོད་པ་རེད། འོན་ཀྱང་ཁ་ས་བརྙན་འཕྲིན་ལས་ཁང་ཞིག་ནས་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་མཆོག་གི་དགོངས་ཚུལ་བཀའ་འདྲི་ཞུས་འདུག་པར་ཁོང་གིས་ཨ་རུ་ན་ཅལ་མངའ་སྡེ་དེ་བཞིན་རྒྱ་གར་གྱི་ཆ་ཤས་ཤིག་རེད་ལ་༸གོང་ས་ཏཱ་ལའི་བླ་མ་མཆོག་རྒྱ་གར་གྱི་ས་ཕྱོགས་ག་འདྲ་ཞིག་ལའང་ཕེབས་ཆོག་གི་རེད། འོན་ཀྱང་གནད་འགག་ཆེ་ཤོས་ནི་ཁོང་ནས་སྲིད་དོན་གྱི་གནད་དོན་དང་འབྲེལ་བའི་སྐོར་བཀའ་མོལ་མ་གནང་བའི་རེ་བ་ཞུ་གི་ཡོད་ཅེས་འགྲེལ་བརྗོད་གནང་ཡོད་འདུག

ཡང་ཁ་ས་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་ལའང་འདིའི་ཐོག་གསར་འགོད་པ་ཁག་ཅིག་གིས་བཅར་འདྲི་ཞུས་པའི་སྐབས་ཨ་རུ་ན་ཅལ་མངའ་སྡེ་དང་དེའི་ཁོངས་སུ་གཏོགས་པའི་རྟ་དབང་ས་ཁུལ་ནི་རྒྱ་གར་གྱི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་རེད། ༸གོང་ས་༸ཏཱ་ལའི་བླ་མ་མཆོག་རྒྱ་གར་ནང་བཙན་བྱོལ་དུ་བཞུགས་ནས་ལོ་ངོ་ལྔ་བཅུ་ཙམ་འགྲོ་གི་ཡོད་རེད། གལ་སྲིད་༸གོང་ས་ མཆོག་རྒྱ་ནག་གི་ས་ཆ་ཞིག་ཏུ་ཕེབས་ཀྱི་ཡོད་པ་ཡིན་ན་རྒྱ་ནག་ནས་དགག་ཆ་བྱེད་འོས་པ་ཞིག་རེད། ཡིན་ནའང་རྒྱ་གར་གྱི་ས་ཁུལ་ཞིག་ཏུ་༸གོང་ས་མཆོག་ཕེབས་རྒྱུར་རྒྱ་ནག་སེམས་འཚབ་བྱེད་དགོས་དོན་ཡོད་མ་རེད་ལ་དེའི་ཐོག་ཐེ་བྱུས་བྱེད་པ་མ་འགྲིགས་པ་རེད་ཅེས་དགོངས་ཚུལ་གསུངས་གནང་ཡོད་པ་བཅས་གང་ལྟར་འདས་པའི་ཉིན་ཤས་རིང་རྒྱ་གར་གྱི་གསར་འགྱུར་མང་པོའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རུ་ན་ཅལ་མངའ་ཁུལ་དུ་ཆིབས་བསྒྱུར་གནང་རྒྱུའི་གནད་དོན་ཐོག་གླེང་སློང་མང་པོ་ཐོན་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎