པོའོ་ལེན་ཌེ་དུ་༸གོང་ས་མཆོག་ལ་ཆེ་བསྟོད་ཕྱག་འཁྱེར་ཕུལ་བ།

པོའོ་ལེན་ཌེའི་རྒྱལ་ས་ལྦར་སོའི་ཕོ་བྲང་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལྦར་སོ་གྲོང་ཁྱེར་གྱི་ཆེ་བསྟོད་མི་སེར་གྱི་མཚན་ཐོངས་ཕུལ།

2009.07.29

༄༅༎དེ་རིང་པོའོ་ལེན་ཌེའི་རྒྱལ་ས་ལྦར་སོའི་ཕོ་བྲང་རོ་ཡལ་ཁེ་སལ་ནང་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལྦར་སོ་གྲོང་ཁྱེར་གྱི་ཆེ་བསྟོད་མི་སེར་གྱི་མཚན་ཐོངས་ཕུལ་འདུག

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གྲོང་ཁྱེར་ལྦར་སོའི་ཆེ་བསྟོད་མི་སེར་གྱི་མཚན་ཐོངས་འབུལ་བའི་མཛད་སྒོའི་ཐོག་གྲོང་ཁྱེར་སྤྱི་ཁྱབ་ལྕམ་ཧེ་ན་གོ་རོན་ཀི་ལྦིཛི་ལྦོ་ཛི་ཡིས་རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཏཱ་ལའི་བླ་མ་མཆོག་དེ་རིང་ང་ཚོའི་གྲོང་ཁྱེར་གྱི་མི་སེར་ཆགས་གནང་བ་དེར་སུས་ཀྱང་དབང་འོགའདུ་མི་ཐུབ་པའི་གྲོང་ཁྱེར་ལྦར་སོའི་མང་ཚོགས་ལ་སྤོབས་སེམས་ཆེན་པོ་ཡོད་ཅེས་དགའ་ཚོར་ཆེན་པོའི་ངང་གསུངས་འདུག

དེ་བཞིན་ལྦར་སོ་གྲོང་སྡེ་ལྷན་ཁང་གིས་གསལ་བསྒྲགས་ཤིག་ཀྱང་སྤེལ་གནང་འདུག་པའི་ནང་དེ་སྔ་དམག་འཁྲུག་གི་དཀའ་སྡུག་ཆེན་པོ་མྱང་བའི་གྲོང་ཁྱེར་ལྦར་སོ་ཡི་གྲོང་སྡེ་ལྷན་ཁང་གིས་འདས་པའི་ལོ་ཉི་ཤུ་རིང་ང་ཚོས་ལོངས་སུ་སྤྱོད་བཞིན་པའི་རང་དབང་འདི་ལྟ་བུ་ཞིག་ཐོབ་ཐབས་སུ་བོད་རྒྱལ་ཁབ་ཀྱི་རང་བཙན་དང་བདག་དབང་རྩོད་ལེན་གནང་མཁན་མི་སྣ་ཞིག་ལ་གུས་བརྩི་དང་ཆེ་ཐོངས་ཞུ་རྒྱ་དེ་ང་ཚོའི་རང་འཁྲིའི་འོས་འགན་ཞིག་རེད་ཅེས་བཀོད་གན་ངའདུག

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གྲོང་ཁྱེར་ལྦར་སོའི་ཆེ་བསྟོད་མི་སེར་གྱི་མཚན་ཐོངས་བཞེས་གྲུབ་པའི་མཚམས་སུ་རླབས་ཆེན་གྲོང་ཁྱེར་འདི་ལྟ་བུའི་མི་སེར་གྱི་མཚན་ཐོངས་ཐོབ་གནང་བ་དེ་ནི་༸གོང་ས་མཆོག་གིས་གཟི་བརྗིད་ཞིག་ལ་ངོས་འཛིན་གནང་གི་ཡོད་པ་དང་ཐུགས་གྱེས་ཚོར་ཆེན་པོ་བྱུང་ཞེས་བཀའ་གནང་འདུག དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ངལ་ཆེན་པོ་ཇི་ཙམ་འཕྲད་མིན་ལ་མ་ལྟོས་པར་པོའོ་ལེན་ཌེ་ཡུལ་གྱིས་སྙིང་སྟོབས་དང་ཆོད་སེམས་གཏན་པོའི་སྒོ་ནས་འཐབ་རྩོད་གནང་བ་དེར་བསྔགས་བརྗོད་གནང་བ་དང་སྦྲགས་ཡུལ་དེའི་མང་ཚོགས་ལ་སོ་སོའི་ལེགས་པའི་ཕྱོགས་ཀྱི་ནུས་ཤུགས་གང་ཐུབ་བཏོན་དགོས་རྒྱུ་དང་སེམས་བཟང་པོ་བྱེད་དགོས་པའི་སྐུལ་མ་གནང་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གྲོང་ཁྱེར་ལྦར་སོའི་ཆེ་བསྟོད་མི་སེར་གྱི་མཚན་ཐོངས་ཕུལ་བའི་མཛད་སྒོའི་ཐོག་པོའོ་ལེན་ཌེ་གྱི་སྲིད་འཛིན་ཟུར་པ་དང་ནོ་བེལ་ཞི་བའི་གཟེངས་རྟགས་བཞེས་མཁན་ལེཁ་ལྦ་ལེ་ས་ཕེབས་ཡོད་པ་མ་ཟད་ཁོང་གིས་གསུངས་བཤད་ནང་པོའོ་ལེན་ཌེ་ལ་རང་བཙན་ཐོབ་པ་ནང་ལྟར་བོད་ལའང་རང་དབང་ཐོབ་རྒྱུ་ཡིན་པ་དང་དེང་སྐབས་ཁོང་ལ་བོད་པའི་ཆབ་འབངས་མི་སེར་གྱི་མཚན་ཐོངས་ཐོབ་པའི་རེ་བ་ཡོད་སྐོར་གསུངས་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎