༧གོང་ས་མཆོག་ནས་ཉི་ཧོང་དུ་ཐུགས་སྨོན་གསོལ་འདེབས།

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་མི་དམངས་ཚོར་འབྱུང་འགྱུར་གྱི་བསམ་བློ་གཏོང་དགོས་པའི་བཀའ་སློབ་གནང་ཡོད་པ་རེད།

2011.04.29

༄༅༎དེ་རིང་རེས་གཟའ་པ་སངས་ཉིན་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་གི་ས་ཡོམ་གྱི་གནོད་འཚེ་དེའི་ནང་གོད་ཆགས་ཕོག་པ་ཚོར་ཐུགས་སྨོན་གསོལ་འདེབས་གནང་སྟེ། ཉི་ཧོང་མི་དམངས་ཚོར་འབྱུང་འགྱུར་གྱི་བསམ་བློ་གཏོང་དགོས་པའི་བཀའ་སློབ་གནང་ཡོད་པ་རེད།

བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་བཞི་པའི་ཚེས་༢༧ ཉིན་བཞུགས་སྒར་ནས་ཕེབས་ཐོན་གྱིས་ཨ་མི་རི་ཀར་ཆིབས་བསྒྱུར་གནང་རྒྱུའི་ཕེབས་ལམ་དུ་ཉི་ཧོང་དུ་ཞབས་སོར་འཁོད་གནང་གིས། དེ་རིང་ཉི་ཧོང་གི་རྒྱལ་ས་ཀྲོཀ་ཡོ་དུ་ཡོད་པའི་གོ་གོ་ཀུ་ཇི་དགོན་དུ་སྐྱབས་མགོན་རིན་པོ་ཆེ་དབུ་བཞུགས་ཐོག་ཉི་ཧོང་དང་བོད་པའི་དགེ་འདུན་པ་གཙོས་མི་དམངས་གསུམ་སྟོང་ཙམ་མཉམ་ཞུགས་ཀྱིས། ཉེ་ཆར་ཕྱི་ཟླ་གསུམ་པའི་ཚེས་༡༡ ཉིན་ཉི་ཧོང་དུ་ས་ཡོམ་འགུལ་ཤུགས་ཆེ་རྒྱབ་པ་མ་ཟད་དེའི་ཤུགས་ཀྱིས་བྱང་ཕྱོགས་ཞི་བདེ་རྒྱ་མཚོའི་མཚོ་ཁའི་ཁུལ་དུ་རྒྱ་མཚོའི་རྦ་རླབས་ཀྱིས་མི་རྒྱུ་གཉིས་ལ་ཚབས་ཆེའི་གོད་ཆགས་ཕོག་པ་ཚོར་ཐུགས་སྨོན་གསོལ་འདེབས་གནང་ཡོད་ཅིང༌། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མི་དམངས་འདུ་འཛོམས་དེའི་ཐོག་ལ། ངོས་ནས་བྱེད་ཐུབ་པ་ནི་སྨོན་ལམ་རྒྱབ་རྒྱུ་དེ་ཡིན་ཞིང༌། གོད་ཆགས་ཕོག་པའི་མི་དམངས་ཚོར་སེམས་གསོ་ཡོད། ངོས་ད་རེས་ཉི་ཧོང་དུ་ཡོང་དགོས་དོན་ནི་ཁྱེད་རྣམ་པར་རང་འབྱུང་གྱི་བར་ཆད་ཚབས་ཆེ་བྱུང་བ་དེར་རང་ནུས་ཀྱི་སེམས་གསོ་དང་སྨོན་ལམ་གནང་བར་ཕེབས་པ་ཡིན།  ཁྱེད་ཚོར་གནས་ཚུལ་ག་རེ་བྱུང་བ་དེ། འབྱུང་འགྱུར་ལ་བསམ་བློ་བཏང་སྟེ་ལས་དོན་འགོའཛུཌ་རྒྱུའི་ཐུགས་རེ་གནང་གི་ཡོད་ཅེས་བཀའ་གནང་ཡོད་པ་རེད། རེས་གཟའ་ཕུར་བུའི་ཉིན་རང་འབྱུང་གི་གནོད་འཚེ་ཚབས་ཆེ་དེའི་ནང་རྐྱེན་འདས་སུ་ཕྱིན་པ་ཚོའི་ཞག་བཞི་ཅུ་ཞེ་དགུ་འཁེལ་བའི་ཉིན་ཉི་ཧོང་གི་བྱང་ཤར་ཁུལ་དུ་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་བའི་ཉིན་གཅིག་གི་རྗེས་སུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ཐུགས་སྨོན་གསོལ་འདེབས་གནང་ཡོད་པ་རེད། ཉི་ཧོང་ནང་ཕྱི་ཟླ་གསུམ་པའི་ཚེས་༡༡ ཉིན་ས་ཡོམ་དང་རྒྱ་མཚོའི་རྦ་རླབས་ཀྱི་གནོད་འཚེ་བྱུང་བའི་ནང་མི་རྐྱེན་འདས་སུ་ཕྱིན་པ་དང་རྙེད་སོན་མ་བྱུང་བའི་གྲངས་ནི་ཉིས་ཁྲི་ལྔ་སྟོང་ཟིན་ཡོད་པ་དང༌། ས་ཡོམ་གྱི་རྐྱེན་པས་རྡུལ་ཕྲན་ནུས་ཤུགས་ཀྱི་གློག་ཁང་འབར་གས་བྱུང་སྟེ་མི་དམངས་ཀྱི་བདེ་ཐང་ལ་གནོད་གཞི་རྫས་འགྱུར་གྱིས་ཁོར་ཡུག་ལ་གནོད་འཚེ་བཟོས་པ་མ་ཟད་རྡུལ་ཕྲན་ནུས་ཤུགས་ཀྱི་གློག་ཁང་འབར་གས་བྱུང་ཡུལ་གྱི་ཉེ་འཁྲིས་སུ་གནས་སྡོད་བྱེད་མཁན་མི་དམངས་སྟོང་ཕྲག་མང་པོ་གནས་སྤོ་བྱེད་དགོས་པའི་གོད་ཆགས་ཆེན་པོ་བྱུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ལོ་ངོ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་ཨ་ཚོགས་དགོན་གྱི་རིག་དངོས་རྩིས་མེད་ཀྱིས་གནས་སྤོར་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎