༧གོང་ས་མཆོག་ནས་སོག་ཡུལ་དུ་མང་ཚོགས་ལ་ཆོས་འབྲེལ་གསུང་ཆོས།

2016-11-20
གློག་འཕྲིན།
མཆན།
Share
པར་བཀོད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་སོག་ཡུལ་གྱི་རྒྱལ་ས་ཨུ་ལཱན་བ་ཏུར་དུ་མང་ཚོགས་ཆིག་ཁྲི་བཞི་སྟོང་ཙམ་ལ་ཆོས་འབྲེལ་གསུང་ཆོས་སྩོལ་བཞིན་པ།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་སོག་ཡུལ་གྱི་རྒྱལ་ས་ཨུ་ལཱན་བ་ཏུར་དུ་མང་ཚོགས་ཆིག་ཁྲི་བཞི་སྟོང་ཙམ་ལ་ཆོས་འབྲེལ་གསུང་ཆོས་སྩོལ་བཞིན་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། ཡེ་ཤེས་བཀྲིས།

༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་དེ་རིང་ཕྱི་ཟླ་ ༡༡ ཚེས་ ༢༠ ཉིན་སོག་ཡུལ་གྱི་རྒྱལ་ས་ཨུ་ལཱན་བ་ཏུར་རྒྱལ་སྤྱིའི་གནམ་ཐང་གི་ཉེ་འགྲམ་དུ་ཡོད་པའི་ Sports Complex ནང་མང་ཚོགས་ཆིག་ཁྲི་བཞི་སྟོང་ཙམ་ལ་རྗེ་རིགས་གསུམ་སྤྱི་སྒྲུབ་ཀྱི་རྗེས་གནང་དང་། རྟེན་འབྲེལ་བསྟོད་པ་དང་ལམ་གཙོ་རྣམ་གསུམ་གྱི་སྒོ་ནས་ཆོས་འབྲེལ་གསུང་ཆོས་སྩལ་གནང་མཛད་ཡོད་པ་རེད།
དེ་རིང་སྔ་དྲོ་གསུང་ཆོས་དབུ་འཛུགས་མ་གནང་གོང་བཞུགས་ནས་སོག་ཡུལ་གཞུང་གི་མགྲོན་ཁང་
ནང་རྒྱ་གར་གྱི་སོག་པོའི་གཞུང་ཚབ་པ་སྐུ་ཞབས་ Suresh Babu མཇལ་བཅར་ཞུས་ཡོད་པ་རེད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་རྗེས་གནང་མ་སྩལ་གོང་ནང་ཆོས་ཀྱི་ངོ་སྤྲོད་སྒོ་སྔོན་འགྲོའི་ཆོས་བཤད་གནང་སྐབས། སངས་རྒྱས་པའི་ལྟ་གྲུབ་ཀྱི་ཐོུང་མ་ཡིན་པའི་ཁྱད་ཆོས་ངོ་སྤྲོད་གནང་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ནང་ཆོས་ལུགས་མང་དག་ཅིག་ཡོད་པའི་ཁོངས་ནས་སྟོན་པ་རང་ཉིད་ཀྱི་བཀའ་ལ་བརྟག་དཔྱད་བྱེད་པའི་ཐོག་ནས་ཁས་བླངས་དགོས་པ་གསུངས་མཁན་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་མ་གཏོགས་མེད་ལ། དེ་བཞིན་བདག་མེད་པའི་ལྟ་བ་ནི་ནང་པ་སངས་རྒྱས་པ་ལས་གཞན་སུ་ཞིག་མེད་པ་བཀའ་གནང་ཡོད་པ་རེད། ལྷག་པར་དུ་དབུ་མ་ཐལ་འགྱུར་བས་རྒྱུ་འབྲས་རྟེན་འབྲེལ་གྱི་སྒོ་ནས་བྱ་བྱེད་ཐད་ཚུལ་གསུངས་པ་དེ་ནི་དེང་སྐབས་དངོས་ཁམས་ཚན་རིག་པ་ཚོས་རྟགས་དོན་བཙལ་ན་མི་བརྙེད་པ་བརྗོད་པ་དང་ཤིན་ཏུ་མཐུན་པ་ཡིན་པ་བཀའ་གནང་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གསུང་ཆོས་ཞུ་བར་རྒྱལ་ས་ཨུ་ལཱན་བ་ཏུར་ནས་རྒྱང་ཐག་ཀི་ལོ་མི་ཊར་ཆིག་སྟོང་ལྷག་ཆོད་པའི་སོག་ཡུལ་གྱི་ས་ཕྱོགས་གང་ས་ནས་ཀྱང་ཕེབས་འདུག་ལ། ར་ཤི་ཡའི་མངའ་ཁོངས་སོག་རིགས་སྤྱི་མཐུན་རྒྱལ་ཁབ་ Buriyat དང་ཏུ་ཝ་སོགས་ནས་ཀྱང་མི་གྲངས་བརྒྱ་ཕྲག་འགའ་ཤས་ཕེབས་འདུག་ཅིང་། སྦུ་རི་ཡཏ་གཅིག་པུ་ནས་མི་གྲངས་ ༢༠༠ ཙམ་ཡོད་འདུག།
དེ་རིང་གསུང་ཆོས་གནང་ཡུལ་གྱི་ཚོགས་ཁང་ནང་མང་ཚོགས་སྟོང་ཕྲག་བཅུ་བཞི་ཙམ་ཡོད་འདུག་ཅིང་། །ཚོགས་ཁང་གི་ཕྱི་རོལ་དུ་ད་དུང་མི་གྲངས་བཞི་སྟོང་ཙམ་ཚོགས་ཁང་ནང་མ་ཐར་
བར་ལུས་འདུག ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་སོག་ཡུལ་ནང་གི་བརྙན་འཕྲིན་ཨང་གྲངས་དགུ་པའམ། ཡོངས་གྲགས་ནང་པའི་བརྙན་འཕྲིན་ཞེས་པ་དེའི་ཐོག་ཐད་གཏོང་ཞུ་བཞིན་ཡོད་འདུག། སང་ཉིན་ཕྱི་ཚེས་ ༢༡ ཉིན་གྱི་མཛད་འཆར་གཙོ་བོ་ནི་ནང་པ་དང་ཚན་རིག་དབར་གྱི་བགྲོ་གླེང་གི་ཚོགས་མགོན་དུ་ཞབས་སོར་འཁོད་གནང་མཛད་རྒྱུ་ཡིན་པ་རེད།།

གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

མཆན། (0)
Share
དྲ་གནས་ཆ་ཚང༌།