བལ་ཡུལ་དུ་མའོ་དམར་ཤོག་ཚོགས་པས་ངོ་རྒོལ་རྔམ་སྟོན།

མའོ་ལྟ་སྤྱོད་འཛིན་པའི་ཆབ་སྲིད་ཤོག་ཁག་གི་ཚོགས་མི་ཁྲི་ཚོ་མང་པོས་རྒྱལ་ས་ཀཊ་མན་གྲུའི་ནང་ཞི་བའི་ངོ་རྒོལ་རྔམ་སྟོན་གྱི་འདུ་འཛོམས།

2010.04.29

༄༅༎མའོ་ལྟ་སྤྱོད་འཛིན་པའི་ཆབ་སྲིད་ཤོག་ཁག་གི་ཚོགས་མི་ཁྲི་ཚོ་མང་པོས་བལ་ཡུལ་གྱི་གཞུང་འཛིན་ཚོགས་པར་ཁ་གཏད་གཅོག་ཕྱིར་རྒྱལ་ས་ཀཊ་མན་གྲུའི་ནང་ཞི་བའི་ངོ་རྒོལ་རྔམ་སྟོན་གྱི་འདུ་འཛོམས་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག་༎

དེ་ཡང་མའོ་ཆབ་སྲིད་ཚོགས་པའི་གོ་སྒྲིག་འོག་རེས་གཟའ་སྤེན་པའི་ཉིན་བལ་ཡུལ་གྱི་རྒྱལ་ས་ཀཐ་མན་གྲུའི་ནང་གཞི་རྒྱ་ཆེ་བའི་ངོ་རྒོལ་རྔམ་སྟོན་གྱི་ལས་འགུལ་སྤེལ་འཆར་ཡོད་པ་དང་ཀཐ་མན་གྲུའི་ཉེན་རྟོག་སྤྱི་ཁྱབ་པ་ཀེ་རྡར་རྡ་ཀལ་ཡིས་གསུངས་ན་ ད་ཕན་མའོ་ཤོག་ཁག་གི་ཚོགས་མི་༤༠༠༠༠ལྷག་གྱི་ལས་འགུལ་ནང་མཉམ་ཞུགས་ཆེད་རྒྱལ་སའི་ནང་འབྱོར་ཡོད་པ་མ་ཟད་གཞོན་ནུ་དམར་ཤོག་ཚོགས་པ་ཞེས་མའོ་ཆབ་སྲིད་ཚོགས་པའི་ཡན་ལག་སྒྲིག་འཛུགས་ཀྱི་ཚོགས་མི་ཚོས་རྒྱལ་ས་ཀཐ་མན་གྲུའི་ནང་གི་སློབ་གྲ་དང་སྤྱི་གླིང་ཁག་ནང་ཤུགས་སྦྱོང་དང་ལུས་རྩལ་སྦྱོང་བརྡར་གྱི་ངོམ་ཤེད་བྱས་ཏེ་ ས་གནས་ཀྱི་ཡུལ་མི་ཚོར་བདེ་འཇགས་ཀྱི་བློ་འཚབ་བཟོ་ཡི་ཡོད་པའི་སྐོར་གསལ་འདོན་བྱས་འདུག མའོ་ཆབ་སྲིད་ཚོགས་པའི་འགོ་འཁྲིད་པུཤི་པ་ཀ་མལ་རྡ་ཧལ་འམ་ཡོངས་གྲགས་སུ་པཱར་ཅན་རྡ་ཟེར་བས་བརྗོད་ན་ དེ་སྔོན་ཞི་འགྲིག་གི་གྲོས་འཆམ་ལྟར་བལ་ཡུལ་གྱི་གཞུང་འཛིན་མནའ་འབྲེལ་ཚོགས་པས་བཅའ་ཁྲིམས་གསར་བཟོའི་ལས་དོན་མཇུག་སྐྱོང་དང་དེ་བཞིན་མའོ་ཤོག་ཁག་གི་དམག་ཟུར་བ་༢༠༠༠༠ཙམ་ཡོད་པ་དེ་དག་བལ་ཡུལ་གྱི་དམག་ཞབས་ཁོངས་སུ་ཟླ་སྒྲིལ་གཏོང་ཕྱོགས་སོགས་དམར་ཤོག་ཚོགས་པའི་དགོས་འདུན་ཁག་ལ་བཟང་ཕྱོགས་ཀྱི་ཡ་ལན་སྤྲོད་དགོས་པ་དང་ དེ་ལྟར་མ་བྱུང་ཚེ་ད་རེས་ཀྱི་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་ཙམ་མ་ཟད་ཕྱི་ཟླ་༥པའི་ཚེས་༢ནས་བཟུང་བལ་ཡུལ་རྒྱལ་ཡོངས་ཐོག་དུས་ཚོས་ངེས་མེད་བར་ལས་མཚམས་འཇོག་པའི་ལས་འགུལ་སྤེལ་རྒྱུ་ཡིན་ཞེས་ཉེན་བརྡ་བཏང་ཡོད་པ་རེད་

མའོ་ཆབ་སྲིད་ཚོགས་པའི་འགོ་འཁྲིད་ནས་ད་རེས་རྒྱལ་ས་ཀཐ་མན་གྲུའི་ནང་གི་ལས་འགུལ་དེ་བཞིན་ཞི་བའི་རྔམ་སྟོན་གྱི་རྣམ་པའི་ཐོག་ནས་ལས་འགུལ་སྤེལ་རྒྱུ་ཡིན་སྐོར་བརྗོད་ཀྱི་ཡོད་ནའང་རྒྱལ་སའི་སྤྱི་བདེ་ལས་ཁུངས་ནས་དྲག་ཟིང་གི་དོན་རྐྱེན་སྔོན་འགོག་སླད་བདེ་འཇགས་མི་སྣ་ཁྱོན་ཆེ་འགྲེམས་འཇོག་བྱས་འདུག་པ་དང་ གནས་ཚུལ་དབྱེ་ཞིབ་པ་ཚོས་གལ་སྲིད་ད་རེས་ཀྱི་ལས་འགུལ་དེའི་ཐོག་མེ་འཕེན་བྱ་རེས་ལ་སོགས་པའི་འཐབ་རྒོལ་གྱི་གནས་ཚུལ་བྱུང་ཚེ་ དེས་བལ་ཡུལ་ནང་ཞི་འགྲིག་གི་ལས་དོན་ལ་དོ་ཕོག་ཤུགས་ཆེ་འགྲོ་ཉེན་ཆེ་བའི་སྐོར་བློ་དོགས་ཀྱིས་གཟིགས་ཚུལ་ཡོད་པ་རེད་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎