རྩོམ་པ་པོ་དྷཱི་ལྷ་ལྡན་ལགས་འཛིན་བཟུང་བཀག་སྐྱིལ་བྱས་ཏེ་ལོ་གཉིས་འགྲོ་བཞིན་ཡོད་འདུག

2021-06-18
Share
རྩོམ་པ་པོ་དྷཱི་ལྷ་ལྡན་ལགས་འཛིན་བཟུང་བཀག་སྐྱིལ་བྱས་ཏེ་ལོ་གཉིས་འགྲོ་བཞིན་ཡོད་འདུག རྩོམ་པ་པོ་དྷཱི་ལྷ་ལྡན་ལགས་།
RFA

ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་ཀྱི་ཤེས་ཡོན་པ་དང་རྩོམ་པ་པོ་ཚོ་འཛིན་བཟུང་དང་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་པ་ལྟར། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་བར་གཞིག་ན། རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་པདྨ་རྫོང་ནས་ཡིན་པའི་བོད་མི་རྩོམ་པ་པོ་དང་ཤེས་ཡོན་པ་དངོས་མིང་ལ་བློ་བཟང་ལྷུན་གྲུབ་དང་། སྨྱུག་མིང་ལ་དྷཱི་ལྷ་ལྡན་ལགས་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་ནས་འཛིན་བཟུང་གིས་ད་བར་ལོ་གཉིས་འགྲོ་བཞིན་ཡོད་ཀྱང་། ད་དུང་ཁྲིམས་ཀྱི་འགྲོ་རིམ་དང་ཁྲིམས་ཐག་སོགས་གང་ཡང་མ་བཅད་པར་ལོ་གཉིས་རིང་བཀག་ཉར་འོག་བཞག་མུས་ཡིན་སྐོར་འགྲེལ་བརྗོད་གནང་བྱུང་།

གོང་གསལ་བོད་མི་གནས་ཚུལ་མཁོ་སྤྲོད་པས། དྷཱི་ལྷ་ལྡན་ལགས་ཕྱི་ལོ་ ༢༠༡༩ ལོའི་ཕྱི་ཟླ་ ༦ ནང་འཛིན་བཟུང་བྱས་ཤིང་། སྐབས་དེར་ཁོང་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་དུ་སྒེར་གྱི་རིག་གནས་སློབ་ཁྲིད་དང་འཆད་ཁྲིད་བྱེད་ས་ཞིག་ཏུ་ལས་ཀ་བྱས་བཞིན་ཡོད་པ་རེད་ཅེས་དང་།   འོན་ཀྱང་ཁོང་འཛིན་བཟུང་དགོས་པའི་རྒྱུ་རྐྱེན་ནི་མི་ཞིག་གིས་གོང་རིམ་ལ་ཁོང་གིས་འཆད་ཁྲིད་བྱེད་ཕྱོགས་དང་འབྲེལ་བའི་གནས་ཚུལ་མང་པོ་ཞིག་བཤད་པའི་རྐྱེན་གྱིས་ཡིན་སྐོར་ཚོད་དཔག་བྱེད་བཞིན་པ་འགྲེལ་བརྗོད་གནང་བྱུང་ལ། ད་དུང་བོད་ནང་གི་གནས་ཚུལ་མཁོ་སྤྲོད་པ་དེས། རྒྱ་ནག་གཞུང་གིས་ད་ལྟའི་ཆར་བོད་ནང་གི་ཤེས་ཡོན་ཅན་གྱི་སྡེ་ཁག་ནས་འཆད་ཁྲིད་རིགས་བྱེད་མཁན་ལ་དམ་དྲག་ཤུགས་ཆེན་བྱེད་སྒང་ཡིན་པ་དང་།  དྷཱི་ལྷ་ལྡན་ལགས་ད་ལྟ་ཁྲིན་ཏུའུ་གྲོང་ཁྱེར་གྱི་བཀག་ཉར་ཁང་ཞིག་ནང་ཡོད་པ་ཙམ་ལས། ནང་མིར་ཐུག་འཕྲད་དང་ཟ་མ་ཅ་དངོས་རིགས་གང་ཡང་མཁོ་སྤྲོད་བྱེད་མ་བཅུག་གི་མེད་པ་བརྗོད་བྱུང་།

writer_3.jpg

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ཕྱི་ལོ་ ༢༠༢༠ ལོའི་སྤྱི་ཟླ་ ༡༢ ཚེས་ ༤ ཉིན་དྷི་ལྷ་ལྡན་གྱི་ནང་མི་ཚོར་གོང་རིམ་ནས་བརྡ་ལན་ཞིག་འབྱོར་ནས། ཁོང་འཛིན་བཟུང་ཐད་ཐག་གཅོད་ཅིག་བྱ་རྒྱུ་བཤད་པ་ལྟར། ཁོང་གི་ནང་མི་དང་སྤུན་མཆེད་སོགས་སོང་ཡོད་ན་ཡང་། སྐབས་དེར་ཐག་གཅོད་གང་ཡང་བྱས་མེད་པ་མ་ཟད། ནང་མི་དང་ཐུག་འཕྲད་ཀྱང་བྱེད་བཅུག་མེད་པ་རེད་འདུག

སྤྱིར་ན་དྷཱི་ལྷ་ལྡན་ལགས་སུ་གོང་རིམ་ལ་ངོ་སོ་མཐོན་པོ་ཡོད་མཁན་ངོ་ཤེས་གྲོགས་པོ་མང་པོ་ཡོད་ན་ཡང་། ཁོང་ལ་ཕན་ཐོག་ལྡན་པའི་བྱ་བ་གྲུབ་འབྲས་སོན་པ་གང་ཡང་བྱུང་མེད་པ་རེད་ལ། ཁོང་གི་ངོ་ཤེས་གྲོགས་པོ་ཚོས་དྷི་ལྷ་ལྡན་ཀློད་གྲོལ་ཡོང་བའི་རེ་བ་བཅངས་ནས་ད་བར་ཁོང་གི་སྐོར་གྱི་གནས་ཚུལ་ཕྱི་ཕྱོགས་སུ་བཤད་མེད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་པ་དེས་བརྗོད་བྱུང་ལ།  ད་ལྟ་ཁོང་འཛིན་བཟུང་བྱས་ཏེ་ལོ་གསུམ་འགྲོ་བཞིན་ཡོད་ན་ཡང་། ད་དུང་ཐག་གཅོད་དང་ཐུག་འཕྲད་སོགས་གང་ཡང་བྱེད་མི་བཅུག་པའི་རྐྱེན་གྱིས་ད་ཆ་ནང་མི་དང་ཉེ་འབྲེལ་ཚོར་སེམས་འཚབ་དང་འགན་འཁུར་བླངས་པའི་དུས་སུ་སླེབས་པ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པ་བརྗོད་བྱུང་།

writer_2_1.jpg

ན་གཞོན་རྩོམ་པ་པོ་དྷཱི་ལྷ་ལྡན་ལགས་ནི་སྤྱི་ལོ་ ༡༩༨༠ ལོར་བོད་མགོ་ལོག་པདྨ་རྫོང་དུ་སྐྱེས་ཤིང་། ལོ་ན་བཅུ་གཅིག་སྟེང་ནས་ཆོས་སྒོར་ཞུགས་ཏེ་གསེར་རྟ་བླ་རུང་སྒར་དུ་སློབ་གཉེར་གནང་ཡོད་པ་མ་ཟད།  ཕྱིས་སུ་ལོ་ན་ ༢༨ སྟེང་ནས་བོད་ཀྱི་རྒྱལ་ས་ལྷ་སའི་གདན་ས་འབྲས་སྤུངས་དང་སེ་ར་གཉིས་སུ་ནང་ཆོས་ཀྱི་གཞུང་ཆེན་མོར་སློབ་གཉེར་གནང་འདུག ཕྱི་ལོ་ ༢༠༠༨ ལོ་ནས་བོད་ཀྱི་ས་ཁུལ་མང་པོར་འགྲུལ་བཞུད་ཀྱིས་བོད་ཁུལ་གྱི་དངོས་ཡོད་གནས་ཚུལ་སྐོར་ལ་རྩོམ་འབྲིའི་ཕྱག་ལས་གནང་འགོ་ཚུགས་ཡོད་པ་མ་ཟད། ཁོང་གིས་སྔ་ཕྱིར་ཕྱི་ལོ་ ༢༠༠༨ ལོའི་བོད་ནང་གི་ས་བྱི་ཞི་རྒོལ་ཆེན་མོ་དང་འབྲེལ་བའི་དཔེ་དེབ་ཚེ་སྲོག་གིས་བསྐྲུན་པའི་སྐད་ཆ་དང་། བསྟུན་རྒོལ་ཁྲིམས་གཏུགས། དེ་མིན་གཞན་སྤྱི་ཚོགས་དཔྱད་བརྗོད་ཀྱི་དཔེ་དེབ་དོགས་པའི་ཚོམ་བཅས་བྲིས་ཡོད་འདུག་ལ། ད་ལྟ་ཁོང་གི་ཤུལ་དུ་ཆུང་མ་དང་བྱིས་པ་གཅིག་བཅས་ལྷག་ཡོད་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།