༧གོང་ས་མཆོག་ལ་བསྔོ་རྟེན་འབུལ་བར་བརྟེན་འཛིན་བཟུང་དང་གར་སོང་ཆ་མེད།


2019.10.29
ཐུབ་བསྟན་པདྨ་ལྷུན་གྲུབ་ཀྱི་ཉེ་པར། ༼ཟླ་ཚེས་མི་གསལ ཐུབ་བསྟན་པདྨ་ལྷུན་གྲུབ་ཀྱི་ཉེ་པར། ༼ཟླ་ཚེས་མི་གསལ
བོད་འབྱོར།

མདོ་སྨད་མཚོ་སྔོན་རྐང་ཚ་ནས་ཡིན་པའི་ན་གཞོན་ཞིག་གིས་༧གོང་ས་མཆོག་ལ་བསྔོ་རྟེན་འབུལ་བར་བརྟེན་རྒྱ་ནག་གི་བདེ་འཇགས་མི་སྣས་འཛིན་བཟུང་གིས་ད་ལྟ་གནས་སྟངས་གསལ་ཁ་མེད་པར་གྱུར་འདུག
འདི་གའི་རླུང་འཕྲིན་ཁང་ལ་བོད་ནས་ཁུངས་ལྡན་གནས་ཚུལ་ཡོང་ཁུངས་ནས་བརྗོད་ན།
སྤྱི་ལོ་༢༠༡༩་ལོའི་ཟླ་༥་པའི་ཚེས་༡༤་ཉིན་མདོ་སྨད་མཚོ་སྔོན་རྐང་ཚ་ནས་ཡིན་པའི་མིང་ལ་ཐུབ་བསྟན་པདྨ་ལྷུན་གྲུབ་ཞུ་བའི་ན་གཞོན་ཞིག་རྒྱལ་ཁབ་ཀྱི་བདེ་འཇགས་ཉེན་རྟོག་པས་༧གོང་ས་རྒྱལ་བ་རིན་པོ་ཆེར་བསྔོ་རྟེན་འབུལ་སོང་ཞེས་འཛིན་བཟུང་བྱས་ནས། ཐེམ་ཆེན་རྫོང་སྤྱི་བདེ་ལས་ཁུངས་ཐོག་ཁང་གི་ས་འོག་ཏུ་བཙོན་འཇུག་བྱས་ཡོད་འདུག
བོད་ནང་གི་གནས་ཚུལ་ཡོང་ཁུངས་དེས་བརྗོད་ན། ཉེ་སྔོན་ནས་བཟུང་འཛིན་བཟུང་བཀག་ཉར་བྱས་ཡོད་པའི་ཐུབ་བསྟན་པདྨ་ལྷུན་གྲུབ་ལགས་ཀྱི་གནས་ཚུལ་ད་ལྟ་གང་ཡང་གོ་ཐོས་མེད་པར་གྱུར་ཡོད་པས། ཁོའི་ཉེ་འབྲེལ་ཚོས་ཧ་ལམ་ཚེ་སྲོག་ཤོར་བ་མིན་འགྲོ་བསམ་ནས་དོགས་གཞི་དང་སེམས་ཁྲལ་ཆེན་པོ་བྱེད་བཞིན་པ་མ་ཟད། ཕྱི་ལོག་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་སོགས་ནས་གནས་ཚུལ་དེར་དོ་སྣང་གནང་བའི་འབོད་སྐུལ་ཞུས་འདུག
དེ་སྔོན་ཁོ་བཙོན་འཇུག་སྐབས་བདེ་འཇགས་མི་སྣས་ཁོང་ལ་ཟླ་བ་རེར་རྒྱ་སྒོར་དྲུག་སྟོང་རེ་སྤྲད་དེ་མི་གཞན་གྱི་སྐད་འཕྲིན་སོགས་ནས་གསང་མྱུལ་གྱི་ལས་ཀ་སྒྲུབ་དགོས་ཚུལ་བརྗོད་ཡོད་ཀྱང་ཁོས་ཁས་ལེན་བྱས་མེད་པ་དང་། དེའི་རྗེས་ནས་བཟུང་རིམ་པས་གནས་ཚུལ་གང་ཡང་གོ་ཐོས་མེད་པར་གྱུར་ཡོད་ཟེར།
ཡང་གནས་ཚུལ་ཡོང་ཁུངས་ནས་བརྗོད་ན། ཐུབ་བསྟན་པདྨ་ལྷུན་གྲུབ་ནི་ལོ་ཉི་ཤུ་ལྷག་ཡིན་ཞིང་། ལོ་གསུམ་གྱི་སྟེང་ཨ་མ་འདས་གྲོངས་ཕྱིན་པ་དང་། ཆུང་དུས་ཧ་ཅང་ཆོས་དད་ཅན་ཞིག་ཡིན་པས། ནར་སོན་རྗེས་དམར་ཟས་སྤངས་ཡོད་འདུག འཛིན་བཟུང་སྐབས་སུ་ཁྲོན་ཕྱོགས་ཀྱི་སློབ་གྲྭ་ཞིག་ནས་སློབ་མཐར་ཕྱིན་ནས་མཐར་ཕྱིན་འཛིན་ཡིག་ལ་སྒུག་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎