བོད་ནང་གང་སར་སྤྱི་གླིང་འཛུགས་བསྐྲུན་བྱས་ནས་བོད་མཐོ་སྒང་གི་ཁོར་ཡུག་ཉམས་ཆག་འགྲོ་བཞིན་པ་ཉམས་ཞིབ་པས་གསུང་བྱུང་།

2022.06.13
བོད་ནང་གང་སར་སྤྱི་གླིང་འཛུགས་བསྐྲུན་བྱས་ནས་བོད་མཐོ་སྒང་གི་ཁོར་ཡུག་ཉམས་ཆག་འགྲོ་བཞིན་པ་ཉམས་ཞིབ་པས་གསུང་བྱུང་། མཚོ་སྔོན་པོའི་འདམ་ར་སྤྱི་གླིང་།
Chinese State Media

ཕྱི་ཟླ་༦པའི་ཚེས་༨ཉིན་རྒྱ་ནག་གཞུང་འབྲེལ་མཚོ་སྔོན་ཞིང་ཆེན་ནགས་ཚལ་དང་རྩྭ་ཐང་ལས་ཁུངས་ཟེར་བས་ཆོག་མཆན་སྤྲད་པ་བཞིན། རྒྱ་ནག་གཞུང་གིས་བསྐྱར་དུ་མཚོ་སྔོན་པོའི་མཚོ་ཁར་རྒྱལ་ཁབ་སྤྱི་གླིང་ཟེར་བ་ཞིག་འཛུགས་སྐྲུན་བྱ་རྒྱུ་འགོ་བཙུགས་ཡོད་པ་དང་། སྤྱིར་རྒྱ་ནག་གཞུང་གིས་བོད་ནང་གི་མཛེས་ལྗོངས་ཁུལ་དུ་རྩྭ་ཐང་དང་ནགས་ཚལ་སྲུང་སྐྱོབ་ཀྱི་ལས་གཞིའི་འོག བོད་ནང་ཡུལ་སྐོར་བ་འབོར་ཆེན་ཡོང་ཆེད་མ་འོངས་པར་དེ་ལས་ཀྱང་བོད་ནང་རི་བོ་ཇོ་མོ་གླང་མའི་ཉེ་ཁུལ་དང་། གནམ་མཚོ། ཡར་ཀླུང་གཙང་བོ་སོགས་སུ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱ་འཆར་ཡོད་པ་དང་། ད་ལྟའི་ཆར་སྤྱི་གླིང་ཁག་མང་པོ་ཞིག་ཏུ་བོད་མི་ཚོས་སེམས་ཅན་ཕྱུག་རིགས་གང་ཡང་འཚོ་སྐྱོང་མི་ཆོག་པ་བཟོས་ཡོད་ཀྱང་། རྩྭ་ས་སྲུང་མཁན་གྱི་ངོ་བོའི་ཐོག་ནས་རྒྱ་ནག་གཞུང་གིས་ཉིན་གླ་ལྟ་བུ་སྤྲད་དེ་སྡོད་མཁན་འབྲོག་པ་མང་དག་ཅིག་ཡོད་སྐོར་བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཡིག་ཐོག་བརྒྱུད་ངོ་སྤྲོད་གནང་བྱུང་།
ཐེངས་འདིར་རྒྱ་ནག་གཞུང་གིས་འཛུགས་སྐྲུན་བྱེད་འཆར་གྱི་སྤྱི་གླིང་དེ་བཞིན་བོད་ནང་གི་སྤྱི་གླིང་ཆེ་ཤོས་གྲས་ཤིག་ཡིན་པ་དང་། དེ་ཁུལ་དུ་འབྲོག་པ་མང་པོ་འཚོ་གནས་བྱས་ཡོད། དེའི་ཐད་ཁེ་ཎ་ཌ་ནས་ཡིན་པ་ཁོར་ཡུག་ཉམས་ཞིབ་པ་དང་རྩོམ་པ་པོ་མཱ་ཁིལ་བྷག་ལེ་(MichaelBuckley)་ལགས་ནས། རྒྱ་ནག་གཞུང་གིས་བོད་ཀྱི་ཁོར་ཡུག་དེ་བཞིན་འཛམ་གླིང་གི་རང་བྱུང་ཁོར་ཡུག་དོ་སྙོམས་ཤོས་ཡིན་པ་སོགས་བརྗོད་བཞིན་ཡོད་ཀྱང་། དེ་དག་ཤོག་ངོས་ལ་བཀོད་པ་ཙམ་མ་གཏོགས། དོན་དངོས་སུ་སྤྱི་གླིང་ཁག་ཏུ་སེམས་ཅན་རི་དྭགས་མཐོང་རྒྱུ་མེད་པ་དང་། རོང་འབྲོག་མང་ཚོགས་བཙན་ཐབས་ཀྱིས་ས་ཆ་གཞན་ལ་གནས་སྤོ་བྱེད་བཅུག་སྟེ། བོད་ཀྱི་ཁོར་ཡུག་སྤྱིའི་གནས་བབ་ལ་གཏོར་སྐྱོན་ཆེན་པོ་གཏོང་གི་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་། ཁོར་ཡུག་ཉམས་ཞིབ་པ་མཱ་ཁིལ་བྷག་ལེ་ལགས་ནི་ཨེ་ཤེ་ཡའི་ཁོར་ཡུག་ཉམས་ཞིབ་པ་དང་། ལྷག་པར་དུ་བོད་མཐོ་སྒང་གི་ཁོར་ཡུག་དང་གཙང་བོ་ཁག་གི་གནས་སྟངས་ཐད་ཉམས་ཞིབ་གནང་མཁན་ཞིག་ཡིན་པ་དང་། ཁོང་དེ་སྔ་བོད་ནང་ཕེབས་མྱོང་ཡོད་པ་མ་ཟད། བོད་ཀྱི་ཁོར་ཡུག་གི་གནས་སྟངས་སྐོར་ལ་བཞུ་བཞིན་པའི་བོད་(Meltdown in Tibet)་ཅེས་པའི་དཔེ་དེབ་ཅིག་ཀྱང་བརྩམས་གནང་ཡོད་པ་རེད།
རྒྱ་ནག་གཞུང་གིས་ཐེངས་འདིར་བོད་མཐོ་སྒང་གི་རང་བྱུང་ཁམས་དང་ཆུའི་འབབ་རྒྱུན་དོ་སྙོམས་ཡོང་ཆེད། སྤྱི་གླིང་འཛུགས་བསྐྲུན་མ་བྱས་སྔོན་ལ་མི་མང་གི་འཚོ་གནས་ལ་ཉམས་ཞིབ་དང་ཚན་རིག་དང་མཐུན་པའི་འཛུགས་བསྐྲུན་དགོས་སྐོར་བཤད་ཡོད་ཀྱང་། བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ནས། རྒྱ་ནག་གཞུང་གིས་ཁོར་ཡུག་སྲུང་སྐྱོབ་ཟེར་ནས་བོད་ནང་གང་སར་སྤྱི་གླིང་འཛུགས་བསྐྲུན་བྱས་བ་དེ་དག་གིས་བོད་ནང་རང་གི་ཕ་མེས་ཡང་མེས་ནས་བཟུང་འཚོ་གནས་བྱས་ཡོད་པའི་རོང་འབྲོག་མང་ཚོགས་ཀྱི་འཚོ་གནས་རང་དབང་ཐད་དཀའ་ངལ་ཤུགས་ཆེར་སྤྲོད་བཞིན་ཡོད་པ་མ་ཟད། ཕྱི་ལོ་༢༠༡༩ལོར་སྤྱི་གླིང་འཛུགས་སྐྲུན་ཐད་རྒྱ་རིགས་ཁོར་ཡུག་ཉམས་ཞིབ་པ་ཚོས་ནོར་འཁྲུལ་དང་ཁོར་ཡུག་གཏོར་སྐྱོན་བྱེད་བཞིན་པའི་བསམ་ཚུལ་བཤད་ཡོད་པ་རེད་ལ། ད་ལྟའི་ཆར་ལོ་རེ་བཞིན་ཡོད་ནང་ས་འགུལ་དང་རྩྭ་ས་བྱེ་འགྱུར་སོགས་རང་བྱུང་གི་གོད་ཆག་ཇེ་མང་དུ་འགྲོ་བཞིན་པ་དེས། རྒྱ་ནག་གིས་བོད་ནང་ཁོར་ཡུག་གཏོར་སྐྱོན་ཤུགས་ཆེར་གཏོང་བཞིན་པའི་དཔེ་མཚོན་ཞིག་ཡིན་སྐོར་བརྗོད་བྱུང་།
ཕྱི་ལོ་༢༠༡༥ལོ་ནས་བཟུང་རྒྱ་ནག་གཞུང་གིས་བོད་ནང་གི་གཙང་བོ་ཆེ་ཁག་རྨ་ཆུ་དང་འབྲི་ཆུ། ཨ་ཆེན་གངས་རི་སོགས་སུ་རྒྱལ་ཁབ་རིམ་པའི་སྤྱི་གླིང་ཟེར་བ་མང་པོ་ཞིག་འཛུགས་བསྐྲུན་དང་། བོད་ནང་གི་ས་གནས་རོང་འབྲོག་མང་ཚོགས་ཁྲི་ཚོ་མང་པོ་གྲོང་ཁྱེར་ཅན་དུ་བསྒྱུར་བ་དང་། སྤྱི་གླིང་ལ་ཁ་གཡར་ནས་འབྲོག་པ་ཚོར་ཕྱུག་ཟོག་འཚོ་གནས་མེད་པ་བཟོས་ཏེ་བོད་མི་ཚོའི་ཉིན་རེའི་འཚོ་གནས་ལ་ཡང་དཀའ་ངལ་བཟོ་བཞིན་ཡོད་པ་མ་ཟད། སྤྱི་གླིང་ཁག་ནི་བོད་ནང་གི་ཁོར་ཡུག་མཛེས་ཤོས་ཁག་ཏུ་བརྒྱབ་སྟེ་རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པའི་ལྟེ་གནས་ཤིག་ཏུ་བསྒྱུར་བཞིན་ཡོད་པ་རེད་ལ། རྒྱ་ནག་གཞུང་དེ་སྔ་མཚོ་སྔོན་པོའི་མཚོ་ཁར་རྒྱལ་ཁབ་རིམ་པའི་འདམ་ར་ཞེས་པ་ཞིག་འཛུགས་སྐྲུན་གྱིས་ད་ལྟའི་ཆར་ཡུལ་སྐོར་གྱི་ལྟེ་གནས་ཆེ་ཤོས་ཤིག་ཆགས་ཡོད་པ་རེད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎