རྒྱ་ནག་གི་དྲིལ་བསྒྲགས་ཙམ་ལས་དོན་དངོས་སུ་བོད་ནང་བོད་ཀྱི་སྐད་ཡིག་བེད་སྤྱོད་ཐད་རང་དབང་མེད་པ་བརྗོད་བྱུང་།

2022.08.19
Share on WhatsApp
Share on WhatsApp
རྒྱ་ནག་གི་དྲིལ་བསྒྲགས་ཙམ་ལས་དོན་དངོས་སུ་བོད་ནང་བོད་ཀྱི་སྐད་ཡིག་བེད་སྤྱོད་ཐད་རང་དབང་མེད་པ་བརྗོད་བྱུང་། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས།
CTA

ཕྱི་ཟླ་༨པའི་ཚེས་༡༧ཉིན། རྒྱ་ནག་རྒྱལ་ཡོངས་དྲིལ་བསྒྲགས་ལས་ཁུངས་ཟེར་བས། རྒྱ་ནག་གི་པེ་ཅིན་གྲོང་ཁྱེར་དུ་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གྲུབ་འབྲས་དང་བྱེད་ཐབས་ཀྱི་ཡོངས་བསྒྲགས་ཚོགས་འདུ་ཟེར་བ་ཞིག་ཚོགས་ཡོད་པ་དང་། སྐབས་དེར་གསར་འགོད་པ་ཞིག་གིས་བོད་དང་ཤིན་ཅིང་སོགས་སུ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་བེད་སྤྱོད་ཐད་དྲི་བ་དྲིས་སྐབས། རྒྱ་ནག་གི་མི་རིགས་ལས་དོན་གྱི་འགན་འཛིན་གཞོན་པ་ཀྲའོ་ཡུང་ཟེར་བས། རྒྱ་ནག་ནང་གྲངས་ཉུང་མི་རིགས་ཁག་ལ་རང་གི་སྐད་དང་ཡི་གེ་བེད་སྤྱོད་རང་དབང་ཡོད་པ་དང་། དེར་རྒྱ་ནག་གཞུང་གིས་སྲུང་སྐྱོབ་ཡོད་པ་སོགས་དོན་ཚན་གསུམ་བཤད་ཡོད་པ་དང་། དེའི་ཐད་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ནང་སྐད་ཡིག་བེད་སྤྱོད་ཐད་རང་དབང་ཡིན་སྐོར་བརྗོད་པ་དངོས་འབྲེལ་ཡིན་ན། བོད་ནང་དང་ལྷག་པར་སློབ་གྲྭ་དང་དགོན་སྡེ་ཁག་ཏུ་ལག་ལེན་དངོས་ཀྱི་ཐོག་ནས་སྦྱོང་སྤྱོད་སྤེལ་གསུམ་བྱ་དགོས་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲིར་གསུང་བྱུང་།
རྒྱ་ནག་གི་ཡོངས་བསྒྲགས་ཚོགས་འདུ་ཟེར་བའི་སྟེང་གཙོ་བོ་རྒྱ་ནག་ནང་གི་མི་རིགས་ཁག་གི་མཐུན་སྒྲིལ་སྐོར་གླེང་ཡོད་པ་དང་། ཀྲའོ་ཡུང་ཟེར་བས་ཕྱི་ཕྱོགས་ཀྱི་གསར་ལམ་ཁག་གིས་རྐང་གཙུགས་ནས་རྒྱ་ནག་ནང་གྲངས་ཉུང་མི་རིགས་ཁག་གི་སྐད་ཡིག་རྩ་མེད་བཟོ་བཞིན་ཡོད་སྐོར་བརྗོད་ནས་ནག་པོ་བཟོ་བཞིན་པ་ལས། གྲངས་ཉུང་མི་རིགས་མང་ཚོགས་ཀྱིས་རང་གི་སྐད་ཡིག་སློབ་སྦྱོང་བྱེད་པ་དང་ལས་དོན་སྒྲུབ་པ་དང་འཚོ་བ་སྐྱེལ་བར་འགོག་རྐྱེན་གང་ཡང་མེད་སྐོར་བརྗོད་ཡོད་པ་རེད། བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ནས། ཐེངས་འདིར་བཤད་བཞིན་པ་ནི་རྒྱ་ནག་གཞུང་གིས་ནམ་རྒྱུན་བཤད་སྲོལ་འདྲ་བོ་ལས། བོད་ནང་ལ་མཚོན་ན་ལོ་རེ་བཞིན་སློབ་གྲྭ་ཁག་ཏུ་རྒྱ་བསྒྱུར་སློབ་གསོ་སྤེལ་བ་དང་། བོད་ཀྱི་སྐད་ཡིག་དང་རིག་གཞུང་གླེང་མཁན་ཤེས་ཡོན་པ་ཚོ་འཛིན་བཟུང་བྱས་ཏེ། རྩོམ་པ་པོ་དང་ཤེས་ཡོན་པ་ཚོས་བོད་ཡིག་དཔེ་ཅིག་དཔར་སྐྲུན་བྱེད་པར་ཆོག་མཆན་འདྲ་མིན་ཞུ་དགོས་ཐུག་གི་ཡོད་པ་དང་། མང་པོ་ཞིག་ལ་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་གཡོག་བཞིན་པ་དེས་གྲངས་ཉུང་མི་རིགས་ལ་རང་གི་སྐད་ཡིག་ཐོབ་ཐང་མེད་པ་གསལ་བོ་ཡིན་པ་བརྗོད་བྱུང་།
ཡང་ཀྲའོ་ཡུང་ཟེར་བས་རྒྱ་ནག་ནང་གྲངས་ཉུང་མི་རིགས་༥༣ལ་རང་གི་སྐད་ཡིག་ཡོད་པ་དང་། དེ་དག་གི་ཁྲོད་ནས་གྲངས་ཉུང་མི་རིགས་༢༢ཀྱིས་རང་གི་སྐད་ཡིག་བེད་སྤྱོད་བྱེད་བཞིན་ཡོད་པ་དང་། སྲིད་གཞུང་གིས་གྲངས་ཉུང་མི་རིགས་ཁག་གིས་རང་གི་སྐད་ཡིག་བེད་སྤྱོད་བྱེད་པར་སེམས་ཁུར་དང་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་དང་། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཁག་གི་ནང་དུས་དེབ་བཏོན་ཆོག་པ་དང་། དེང་རབས་དང་མཐུན་པའི་གློག་ཀླད་ནང་མཇུག་པ་སོགས་ཀྱི་ཐོབ་ཐང་ཡོད་སྐོར་བཤད་ཡོད་པ་རེད། བོད་ནང་གི་བོད་མི་ཚོས་དྲ་ལམ་ཁག་ཏུ་གནས་ཚུལ་དེ་ཤུགས་ཆེར་འགྲེམས་སྤེལ་བྱས་ནས་གླེང་བཞིན་པ་དང་། བོད་མི་ཞིག་གིས་ནམ་རྒྱུན་སྐད་ཡིག་དང་རིག་གཞུང་གི་སྐོར་ནས་བདེན་པའི་སྐད་ཆ་ཅུང་ཙམ་བཤད་ན་ནག་ཉེས་བཟོ་ཐབས་བྱེད་མཁན་སྲིད་གཞུང་ཞིག་གིས། ད་དུང་རྒྱལ་ཁབ་དང་མི་མང་གི་ཚབ་བྱས་ཏེ་གནས་ལུགས་དང་རྒྱུ་མཚན་བཤད་བཞིན་པ་ནི་གད་མོ་འཆོར་ས་ཞིག་ཡིན་སྐོར་བྲིས་འདུག
རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༢༡ལོ་ནས་བཟུང་བོད་སྐད་ཡིག་གཙོ་གཉེར་ཡིན་པའི་སྒེར་གཉེར་སློབ་གྲྭ་མང་པོ་སྒོ་བརྒྱབ་པ་སོགས་ཀྱི་གནས་ཚུལ་བྱུང་གི་ཡོད་པ་རེད་ལ། དེ་དག་གི་ཁྲོད་ད་བར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་ཤེས་རྟོག་བྱུང་བར། སེང་འབྲུག་སྟག་རྩེ་སློབ་གྲྭ་དང་། རྨ་ཆེན་རྫོང་སྒེར་གཉེར་སློབ་གྲྭ་གསུམ། དགའ་བདེ་རྫོང་གི་སྒེར་གཉེར་སློབ་གྲྭ་གཅིག གཅིག་སྒྲིལ་རྫོང་གི་སྒེར་གཉེར་སློབ་གྲྭ་གཉིས་སྒོ་བརྒྱབ་ཡོད་པ་རེད་ལ། དེ་དག་ཚང་མར་ཁྲིད་བྱའི་སློབ་ཚན་རྒྱ་ཡིག་སྒང་ནས་འགྲོ་དགོས་སྐོར་བཤད་ནས་སྒོ་བརྒྱབ་ཡོད་པ་དང་། གཞན་ཡང་ཕྱི་ལོ་༢༠༡༩ལོར་རྔ་བ་ཕྱོགས་ནས་སློབ་གྲྭ་ཚང་མའི་ནང་རྒྱ་བསྒྱུར་སློབ་གསོ་སྤེལ་དགོས་པའི་བཀོད་ཁྱབ་བཏང་བར་བོད་མི་ཚོས་དྲ་ལམ་ཁག་ཏུ་ངོ་རྒོལ་ཤུགས་ཆེར་བྱས་ཡོད་པ་རེད། ཕྱི་ལོ་༢༠༡༤ལོར་མཚོ་སྔོན་རེབ་གོང་ནས་སློབ་མ་དང་དགེ་རྒན་མང་པོས་རྒྱ་ནག་གཞུང་གིས་སློབ་གྲྭ་ཁག་གི་སློབ་ཚན་རྒྱ་ཡིག་ཏུ་སྒྱུར་བར་ངོ་རྒོལ་སྐད་འབོད་བྱས་ཡོད་ཀྱང་། རྒྱ་ནག་གཞུང་གིས་མུ་མཐུད་འདི་ལོའི་དབྱར་ནང་སློབ་སྐབས་ནང་མཚོ་སྔོན་ཕྱོགས་སུ་སློབ་གྲྭ་ཁག་ཏུ་བོད་སྐད་ཡིག་ཕལ་བའི་སློབ་ཚན་ལ་བཞག་སྟེ་སློབ་ཚན་ཚང་མ་རྒྱ་ཡིག་ནང་བསྒྱུར་ཡོད་པ། བོད་ནང་གི་འབྲེལ་ཞིག་གིས་འགྲེལ་བརྗོད་གནང་ཡོད་པ་རེད།
སྤྱིར་རྒྱ་ནག་གཞུང་གིས་བོད་ནང་གཙོས་གྲངས་ཉུང་མི་རིགས་ཁག་ལ་སྐད་ཡིག་ཐོབ་ཐང་དང་ཆོས་ལུགས་དད་མོས་འདྲ་མཉམ་དང་། རྒྱ་ནག་གི་རྩ་ཁྲིམས་ཀྱིས་དེ་དག་ལ་སྲུང་སྐྱོབས་ཡོད་སྐོར་བསྒྲགས་བཞིན་ཡོད་ཀྱང་། དོན་དངོས་སུ་ཕྱི་ལོ་༢༠༡༩ལོ་ནས་ཆེད་དམིགས་བོད་ནང་གི་ཤེས་ཡོན་དང་རྩོམ་པ་པོ་དགེ་རྒན། བོད་སྐད་ཡིག་གི་ཐོབ་ཐང་འཐབ་རྩོད་པ་སོགས་མང་པོ་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྲིད་སྐྱོང་ནས་རྒྱ་ནག་གཞུང་གིས་དུས་རབས་དང་མ་མཐུན་པའི་སྲིད་བྱུས་བཟུང་སྟེ་མང་ཚོགས་ལ་དཀའ་ངལ་སྤྲོད་བཞིན་པར་བློ་འཚབ་ཡོད་པ་འགྲེལ་བརྗོད་གནང་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་ནང་ངོ་རྒོལ་དང་འབྲེལ་བོད་ནང་གི་དྲ་ལམ་ཁག་ཏུ་ངོ་རྒོལ་སྐོར་གྱི་གནས་ཚུལ་ཐད་དམ་དྲགས་ཤུགས་ཆེར་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎