ཨ་རིའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར་གང་མགྱོཊ་གཏན་འབེབས་ཡོང་རྒྱུའི་གྲོས་ཆོད་བཞག


2020-11-19
Share
ཨ་མི་རི་ཀའི་གྲོས་ཚོགས་ཁང་ཆེན། ༢༠༢༠ ཨ་མི་རི་ཀའི་གྲོས་ཚོགས་ཁང་ཆེན། ༢༠༢༠
Lhuboom/RFA

ཨ་རིའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར་གང་མགྱོགས་གཏན་འབེབས་ལག་བསྟར་ཡོང་རྒྱུར་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ནང་བོད་དོན་ཆེད་གྲོས་ཆོད་གཏན་འབེབས་གནང་འདུག
འདི་ཚེས་༡༨ཉིན་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ནང་། ཨ་རིའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར་གང་མགྱོགས་གཏན་འབེབས་ལག་བསྟར་དགོས་པ་དང་། འཛམ་གླིང་ཞི་བདེ་དང་འཆམ་མཐུན་ཐོག་༧གོང་ས་མཆོག་གི་མཛད་རྗེས་ཁག་ལ་ངོས་འཛིན་ཞུ་དགོས་པ། དེ་བཞིན་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་སོགས་འཁོད་པའི་བོད་དོན་གྲོས་ཆོད་བཞག་གནང་འདུག
ཨ་རིའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེ་དེ་སྔོན་ཨ་མི་རི་ཀའི་གྲོས་ཚོགས་འོག་མ་རང་ནས་གཏན་འབེབས་གནང་ཡོད་པ་དང་། གོང་ཞུས་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་གྲོས་ཆོད་དེར་དོན་ཚན་བརྒྱད་ཡོད་པ་ནི། བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབས་དགོས་རྒྱུ་ནི་རིག་གཞུང་དང་ཆོས་ལུགས་ཀྱི་གལ་གནད་རང་བཞིན་ཐོག་ནས་རྒྱབ་སྐྱོར་གྱི་ཆོད་སེམས་ཡོད་པ་དང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་དང་བོད་མིའི་དབུ་ཁྲིད་རྣམས་ཀྱིས་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབས་ཤིག་ཐོབ་རྒྱུར། རྒྱ་ནག་གཞུང་དང་ལྷན་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་གྲོས་མོལ་གནང་རྒྱུའི་ལས་དོན་ལ་རྒྱབ་སྐྱོར་ཡོད་པ། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་འཛམ་གླིང་ཞི་བདེ་དང་འཚེ་མེད་ཞི་བ། འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་སྲུང་སྐྱོབ་དང་དེ་རྒྱུན་གནས་ཐོག་འབད་བརྩོན་གནང་བར་ངོས་འཛིན་བསྔགས་བརྗོད། བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆཪ་དེ་གང་མགྱོགས་གཏན་འབེབས་ལག་བསྟར་དང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུའི་ཡང་སྲིད་དེ་༧གོང་ས་མཆོག་གང་ཉིད་དང་བོད་མིའི་ནང་པའི་སྤྱི་ཚོགས་ལ་ངོས་འཛིན་གནང་རྒྱུའི་ཐོབ་ཐང་ལས་གཞན་སུ་ལའང་མེད་པ། བོད་མཐོ་སྒང་གི་གོ་ལའི་ཚ་དྲོད་ཀྱི་ཛ་དྲག་གི་དཀའ་གནད་དེ་སེལ་དགོས་པ། དོན་ཚན་དྲུག་པ་དེར་ཨ་མི་རི་ཀའི་གསར་འགོད་པ་དང་ཕྱི་འབྲེལ་དཔོན་རིགས། གཞུང་འབྲེལ་དཔོན་རིགས་དང་མི་སེར་རྣམས། རྒྱ་ནག་གི་མི་སེར་རྣམས་ཨ་མི་རི་ཀའི་ནང་འགྲོ་བསྐྱོད་ཆོག་པ་ལྟར་བོད་ནང་ཡང་ཨ་མི་རི་ཀའི་མི་སེར་རྣམས་གཅིག་མཚུངས་འགྲོ་བསྐྱོད་ཆོག་པའི་རང་དབང་དང་འདྲ་མཉམ་དགོས་པ། ཉེ་སྔོན་རྒྱ་ནག་གི་ཁྲིན་ཏུའུ་རུ་ཡོད་པའི་ཨ་མི་རི་ཀའི་གཞུང་ཚབ་ཡན་ལག་ལས་ཁུངས་སྒོ་རྒྱབ་པ་དེས་བོད་ནང་གི་བོད་མི་རྣམས་ཀྱི་གནས་སྟངས་དང་། ཁོར་ཚོར་རོགས་སྐྱོར་གནང་རྒྱུའི་ལས་དོན་ཁག་མུ་མཐུད་དུ་གནང་སྒོའི་སྐོར་དང་། ཨ་མི་རི་ཀའི་སྲིད་དོན་ཚོགས་པ་གཉིས་དང་གྲོས་ཚོགས་གོང་འོག་དང་བོད་མའི་དབུ་ཁྲིད་ལྷན་མཉམ་ལས་ལོ་མང་རིང་གནང་བ་དེ་མུ་མཐུད་རྒྱུ་མ་ཟད། དེ་དག་ཕན་ཐོག་བྱུང་ཡོད་པའི་སྐོར་ཨ་མི་རི་ཀའི་གྲོས་ཚོགས་འོག་མས་གྲོས་ཆོད་གཏན་འབེབས་གནང་ཡོད་པ་རེད།
དེའི་རྗེས་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་(Nancy Pelosi)ལགས་ཀྱིས་(twitter) དྲ་ལམ་བརྒྱུད། དེ་རིང་གྲོས་ཚོགས་ནང་གི་གྲོས་ཆོད་དེས་རྒྱ་ནག་གཞུང་ལ་བརྡ་ལན་གསལ་པོ་ཞིག་སྤྲད་ཡོད། གྲོས་ཚོགས་ཀྱི་ངོས་ནས་མུ་མཐུད་དུ་བོད་ནང་གི་ཆོས་དང་རིག་གཞུང་གི་རང་དབང་དང་། ཧོང་ཀོང་གི་གནད་དོན་བཅས་ཀྱི་ཐོག་འཐབ་རྩོད་བྱ་རྒྱུ་ཡིན། ཅེས་གསུངས་འདུག
ཨ་རིའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར་དེ་བཞིན་ཨ་རིའི་གྲོས་ཚོགས་ཀྱིས་ཕྱི་ལོ་༢༠༠༢ ལོར་གཏན་ལ་ཕབ་པའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་ལ་བསྐྱར་བཅོས་དང་འཐུས་སྒོ་ཇེ་ཚང་དུ་གཏོང་ཆེད་ཡིན་འདུག་ཅིང་། ཁྲིམས་འཆར་དེ་སྤྱི་ལོ་༢༠༡༩ལོར་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་(Jim McGovern)ལགས་ཀྱིས་གྲོས་ཚོགས་འོག་མའི་ནང་བཏོན་ནས་རྗེས་སུ་གཏན་འབེསབ་བྱུང་རྗེས། གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་(Marco Rubio)ལགས་གཙོས་པའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་གྲོས་ཚོགས་གོང་མའི་ནང་བཏོན་ཡོད་པ་རེད་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎