རྒྱ་ནག་ཁྲུང་ཆིན་ནས་ཀོང་པོར་འཕུར་མཁན་གནམ་གྲུ་ཞིག་ལ་མེ་སྐྱོན་ཤོར་འདུག

2022-05-12
Share
རྒྱ་ནག་ཁྲུང་ཆིན་ནས་ཀོང་པོར་འཕུར་མཁན་གནམ་གྲུ་ཞིག་ལ་མེ་སྐྱོན་ཤོར་འདུག བོད་ལྗོངས་མཁའ་འགྲུལ་གནམ་གྲུ་ཨང་(TV9833)་ཅན། ༠༥།༡༢།༢༢
Chinese State Media

ཕྱི་ཟླ་ལྔ་པའི་ཚེས་༡༢གཟའ་ཕུར་བུའི་ཉིན་བོད་ལྗོངས་མཁའ་འགྲུལ་གནམ་གྲུ་ཨང་(TV9833)་ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་དེ་རྒྱ་ནག་ལྷོ་ནུབ་གྲོང་ཁྱེར་ཁྲུང་ཆིན་ཅང་པེ་རྒྱལ་སྤྱིའི་གནམ་ཐང་ནས་བོད་ཀྱི་ཀོང་པོ་ཉིང་ཁྲིར་འཕུར་གྲབ་སྐབས། གནམ་ཐང་གི་རྒྱུག་ལམ་སྟེང་ཁ་ཤོར་ནས་མེ་སྐྱོན་ཤོར་ཡོད་པ་དང་། སྐབས་དེར་ལམ་སེང་གནམ་གྲུའི་ནང་གི་འགྲུལ་པ་དང་ལས་དོན་མི་སྣ་ཚང་མ་བདེ་འཇགས་ངང་ཕྱིར་འཐེན་ཐུབ་པ་བྱུང་འདུག རྨས་སྐྱོན་བྱུང་པའི་འགྲུལ་པ་ཚང་མ་རྨས་སྐྱོན་ཆུང་རིགས་ཡིན་ཞིང་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་པ་གནས་ཚུལ་སྤེལ་འདུག
བོད་ཀྱི་རྒྱལ་ས་ལྷ་ས་ནས་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། གནས་ཚུལ་འདི་རྒྱ་ནག་གི་གསར་འགྱུར་ཆེ་ཁག་དང་བོད་ལྗོངས་མི་དམངས་བརྙན་འཕྲིན་སོགས་ནས་མཐོང་ཐོས་བྱུང་བ་གསུངས་ཤིང་། ཁོང་གིས་བར་སྐབས་རྒྱ་ནག་ནང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་བཀག་སྡོམ་ཤུགས་ཆེ་བྱེད་བཞིན་པར་བརྟེན། རྒྱ་མི་བོད་ནང་ཡོང་མཁན་ཉུང་དུ་ཕྱིན་པ་དང་། ལྷག་པར་དུ་ལྷ་སའི་བར་སྐོར་སོགས་སུ་དེང་སྐབས་རྒྱ་མིའི་ཡུལ་སྐོར་སྤྲོ་འཆམ་པ་ཉུང་ངུ་ལས་མཐོང་རྒྱུ་མེད་པའི་གནས་ཚུལ་ལ་གཞིགས་ཚེ། ཁྲུང་ཆིན་ནས་ཀོང་པོར་ཡོང་མཁན་གྱི་འགྲུལ་པ་དེ་དག་མང་ཆེ་བ་བོད་མི་ཡིན་སྲིད་པའི་ཚོད་དཔག་གནང་གི་འདུག
འགྲུལ་སྐྱེལ་གནམ་གྲུ་དེའི་ནང་ཁ་ལོ་བ་སོགས་ལས་མི་དགུ་ཐེ་བའི་འགྲུལ་པ་མི་གྲངས་༡༡༣ ཡོད་པ་དང་། གློ་བུར་མེ་སྐྱོན་ཤོར་སྟབས་མེ་གསོད་རུ་ཁག་གིས་མེ་སྐྱོན་ལས་སྐྱོབ་ཐབས་ཀྱི་ཆུ་གཏོར་བ་སོགས་ཀྱི་པར་ཡང་མཐོང་རྒྱུ་འདུག བརྒྱུད་ལམ་ཁག་ནང་གནས་ཚུལ་སྤེལ་བར་གཞིགས་ན། འགྲུལ་པ་མི་གྲངས་༤༠ཙམ་ལ་རྨས་སྐྱོན་ཆུང་ཚགས་ཀྱི་རིགས་བྱུང་བ་དེ་ཚོར་སྨན་ཁང་དུ་སྨན་བཅོས་ཆེད་སྐྱེལ་ཡོད་པའི་གནས་ཚུལ་བཤད་ཡོད་པ་དང་། ད་ཆ་གནམ་གྲུ་དེར་སྐྱོན་ཤོར་སྟངས་ལ་ཞིབ་འཇུག་བྱེད་བཞིན་ཡོད་འདུག
དེ་སྔོན་ཕྱི་ཟླ་གསུམ་པའི་ནང་འགྲུལ་པ་མི་གྲངས་༡༣༢ཡོད་པའི་(China Eastern flight)་ཞེས་པའི་འགྲུལ་སྐྱེལ་གནམ་གྲུ་ཞིག་རྒྱ་ནག་གི་གྲོང་ཁྱེར་ཁོན་མིན་ནས་ཀོང་ཀྲོའུ་ལ་འཕུར་སྐབས་མཐོ་ཚད་ཧྥི་ཊི་༢༩༠༠༠ཙམ་གྱི་མཁའ་དབྱིངས་ནས་སར་ལྷུང་ནས་འགྲུལ་པ་དང་གནམ་གྲུའི་ལས་བྱེད་པ་ཚང་མའི་ཚེ་སྲོག་ཤོར་བའི་གནས་ཚུལ་བྱུང་ཡོད་ཀྱང་རྒྱ་ནག་གི་ཕྱོགས་ནས་རྒྱུ་རྐྱེན་ཁ་གསལ་ད་བར་བཏོན་མེད་པ་རེད།

གསར་འགོད་པ། ཕྲ་རིང་བསྟན་ནོར། དབྱངས་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།