བོད་དོན་རྒྱབ་སྐྱོར་བ་གཉིས་ཡང་བསྐྱར་ཨོསི་ཊརེ་ལི་ཡའི་གྲོས་ཚོགས་འཐུས་མིར་བདམས་ཐོན་བྱུང་འདུག

2022.05.27
Share on WhatsApp
Share on WhatsApp
བོད་དོན་རྒྱབ་སྐྱོར་བ་གཉིས་ཡང་བསྐྱར་ཨོསི་ཊརེ་ལི་ཡའི་གྲོས་ཚོགས་འཐུས་མིར་བདམས་ཐོན་བྱུང་འདུག ཨོསི་ཊརེ་ལི་ཡའི་(Australia)་གྲོས་ཚོགས་འཐུས་མི་ལྕམ་(Susan Templeman)་དང་ཕྱི་སྲིད་བློན་ཆེན་གསར་པ་ལྕམ་(Penny Wong) གྲོས་ཚོགས་འཐུས་མི་སྐུ་ཞབས་(Warren Entsch)་བཅས།
སྒྲིག་བཟོ། /RFA

བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ཀྱིས་ཨོསི་ཊརེ་ལི་ཡ་(Australia)་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་དང་གྲོས་ཚོགས་འཐུས་མི་ལྕམ་(Susan Templeman)་ཉེ་ཆར་འོས་བསྡུའི་སྐབས་སླར་ཡང་འཐུས་མིར་འདེམས་ཐོན་བྱུང་བར་འཚམས་འཕྲིན་གནང་ཡོད་པ། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་འདུག
འཚམས་འཕྲིན་ནང་། སྐུ་ཉིད་ད་རེས་སླར་ཡང་གྲོས་ཚོགས་འཐུས་མིར་བདམས་ཐོན་བྱུང་བ་དེ་ནི་སྐུ་ཉིད་ཀྱིས་ལོ་ངོ་མང་པོའི་རིང་། གྲོས་ཚོགས་ནང་བདེན་པ་དང་དྲང་བདེན་གྱི་ལམ་ལ་ཤུགས་གནོན་སྐྱོན་གནང་བའི་གྲུབ་འབྲས་ཡིན་པར་ངོས་འཛིན་བྱེད་ཆོག ལྷག་པར་དུ་སྐུ་ཉིད་ཨོསི་ཊརེ་ལི་ཡའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་གྱི་ངོ་བོའི་ཐོག་ནས། དུས་རྒྱུན་དུ་བོད་ཀྱི་གནད་དོན་སྤྱི་དང་དམིགས་བསལ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གཞུང་གིས་བཙན་ཁྲིད་རྗེས་གར་སོང་ཆ་མེད་དུ་བཏང་བའི་གནད་དོན་ཐོག་ཐུགས་འཁུར་ཆེ་བཞེས་གནང་བར་རྗེས་སུ་ཡི་རངས་དང་བཀྲིན་སྙིང་བཅངས་ཞུ་གི་ཡོད། ད་རེས་སྐུ་ཉིད་སླར་ཡང་གྲོས་ཚོགས་འཐུས་མིར་བདམས་ཐོན་བྱུང་བར་དབུས་བོད་མིའི་སྒྲིག་འཛུགས་དང་བོད་མིའི་ཚབ་ཞུས་ཏེ་འཚམས་འདྲི་ཞུ་བཞིན་ཡོད་ཅེས་བཀོད་འདུག
ད་དུང་འཚམས་འཕྲིན་དེའི་ནང་། སྤྱིར་བཏང་ཨོསི་ཊརེ་ལི་ཡ་རྒྱལ་ཁབ་ནི་རྒྱལ་སྤྱིའི་ཐོག་ནས་བོད་མི་དང་བོད་དོན་བདེན་མཐའ་སེལ་ཐབས་སུ་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་གནང་མཁན་གཙོ་བོའི་གྲས་ཞིག་རེད། ཁྱེད་རྣམས་ཀྱི་རྒྱབ་སྐྱོར་གྱི་ནུས་པ་དེས་ང་ཚོའི་འཐབ་རྩོད་ཀྱི་སེམས་ཤུགས་རྒྱུན་འཁྱོངས་གནས་ཐབས་སུ་ཕན་ཐོགས་ཆེན་པོ་བྱུང་ཡོད། མ་འོངས་པར་ཡང་གྲོས་ཚོགས་ནང་སྐུ་ཉིད་ལྟར་བོད་དོན་རྒྱབ་སྐྱོར་གནང་མཁན་ཡོད་པ་དེས་བོད་མི་དང་ཨོསི་ཊརེ་ལི་ཡའི་འབྲེལ་བ་རྒྱུན་མཐུད་ནས་གནས་རྒྱུར་ཕན་ཐོགས་ཡོང་ངེས་རེད་ཅེས་གསུངས་ཡོད་འདུག
དེའི་སྔོན་ཕྱི་དྲིལ་བཀའ་བློན་མཆོག་གིས་ཨོསི་ཊརེ་ལི་ཡའི་ཕྱི་སྲིད་བློན་ཆེན་གསར་པ་ལྕམ་(Penny Wong)་ལགས་དང་། གྲོས་ཚོགས་འཐུས་མི་སྐུ་ཞབས་(Warren Entsch)་ལགས་གཉིས་ལ་འོས་བསྡུའི་རྒྱལ་ཁ་ཐོབ་པར་འཚམས་འདྲི་གནང་ཡོད་པ་རེད། ཕྱི་སྲིད་བློན་ཆེན་གསར་པ་ལྕམ་(Penny Wong)་ལགས་སུ་བཏང་བའི་འཚམས་འཕྲིན་ནང་། སྐུ་ཉིད་ཕྱི་རྒྱལ་དུ་འཁྲུངས་པ་ཞིག་ཕྱི་སྲིད་བློན་ཆེན་དུ་བསྐོ་བཞག་གནང་བ་ཐོག་མ་ཡིན་པས། དེས་དེ་སྔོན་སྐུ་ཉིད་ཨོསི་ཊརེ་ལི་ཡའི་ངལ་རྩོལ་ཚོགས་པའི་ཚོགས་མི་དང་། དེ་རྗེས་གནམ་གཤིས་འགྱུར་ལྡོག་དང་དཔལ་འབྱོར། ཁྲལ་ཁྲིམས་སྟངས་འཛིན་(Finance and Deregulation)་སོགས་བློན་ཆེན་རིམ་པའི་མཛད་འགན་བཞེས་སྐབས་བསྔགས་པར་འོས་པའི་ཕྱག་ལས་གནང་བ་གསལ་སྟོན་བྱས་ཡོད་པ་དང་། འཇོན་ཐང་ལྡན་པའི་དབུ་ཁྲིད་གསར་པའི་ལམ་སྟོན་འོག་ཨོསི་ཊརེ་ལི་ཡས་མུ་མཐུད་དུ་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེ་གཏོང་བཞིན་པ་དེར་ཁ་གཏད་ཀྱི་སྲིད་བྱུས་གཏན་འབེབས་དང་། འབྲེལ་ཡོད་ཚོར་ཉེས་ཆད་འགེལ་རྒྱུའི་ཡིད་ཆེས་ཡོད། ཨོསི་ཊརེ་ལི་ཡའི་གཞུང་དམངས་གཉིས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་དང་། ལྷག་པར་བོད་ཀྱི་ཆབ་སྲིད་བཙོན་པ་གཙོས་པའི་བོད་མི་རྣམས་ལ་ཨོསི་ཊརེ་ལི་ཡར་གནས་སྡོད་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུས་འདུག

གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།