ཨོསི་ཊརེ་ལི་ཡ་གཞུང་གིས་རྒྱ་ནག་དང་མཉམ་བོད་དོན་ཡང་ཡང་གླེང་ཡོད་པ་ཕྱི་སྲིད་བློན་ཆེན་གྱིས་གསུངས་འདུག
རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་བྱེད་མུས་ཡིན་པ་དང་། བོད་ནང་གི་བོད་མིའི་རང་དབང་ཐོབ་ཐང་གཙོས་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་གནད་དོན་ཁག་ཨོསི་ཊརེ་ལི་ཡ་གཞུང་གིས་རྒྱ་ནག་གཞུང་དང་ཕྱི་འབྲེལ་རིམ་པ་མང་པོའི་ཐོག་གླེང་སློང་གནང་ཡོད་པ་ཨོསི་ཊརེ་ལི་ཡའི་ཕྱི་སྲིད་བློན་ཆེན་ལྕམ་(Penny Wong)་ལགས་ཀྱིས་ཕྱི་ཚེས་༤་རེས་གཟའ་ཟླ་བའི་ཉིན་ཨོསི་ཊརེ་ལི་ཡའི་(Australia)་གྲོས་ཚོགས་ལ་གསུངས་འདུག
དེའི་ཐད་ཁུལ་དེར་གནས་བཞུགས་བོད་མི་མང་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། དེ་ནི་ཨོསི་ཊརེ་ལི་ཡའི་ནང་བོད་དོན་ཞུ་གཏུག་གནང་བཞིན་པ་དང་བསྟུན། ཨོསི་ཊརེ་ལི་ཡའི་(Australia)་གྲོས་ཚོགས་གོང་མའི་ནང་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་ཕྱི་སྲིད་བློན་ཆེན་མཆོག་ལ་བོད་དོན་ཐད་དྲི་བ་བཏང་པའི་སྐབས་གསུངས་བ་ཞིག་ཡིན་པ་ངོ་སྤྲོད་གནང་བྱུང་།
སྐབས་དེར་ཕྱི་སྲིད་བློན་ཆེན་མཆོག་གིས་བོད་ནང་གི་བོད་ཕྲུག་མང་པོ་རང་གི་ཕ་མ་སྤུན་ཉེ་སོགས་དང་ཁ་བྲལ་བཏང་སྟེ། རྒྱ་ནག་གཞུང་གིས་བཙུགས་པའི་བཅའ་སྡོད་སློབ་གྲྭར་བཅུག་སྟེ་མི་རིགས་རྒྱ་བསྒྱུར་གྱི་སློབ་གསོ་སྤྲོད་བཞིན་པ་ནི་སེམས་ཚབས་སྐྱེས་འོས་པ་ཞིག་ཡིན་པ་དང་། བོད་ནང་ཞི་བའི་ངོ་རྒོལ་རྔམ་སྟོན་གནང་མཁན་བོད་མི་རྣམས་འཛིན་བཟུང་བཀག་ཉར་བྱས་དང་བྱེད་མུས་དང་། བོད་མིའི་ཆོས་དད་རང་དབང་ཐོག་དྲག་གནོན་བྱེད་བཞིན་པ་ཁག་ལ་ཐུགས་ཚབ་ཆེན་པོ་ཡོད་སྐོར། རྒྱ་གཞུང་གིས་བོད་མི་ཚོར་བདེ་འཇགས་སྲུང་སྐྱོབ་ཀྱི་མིང་ཐོག་ནས་ཐལ་ཆ་ཆེ་བའི་དྲག་གནོན་བྱེད་ཀྱི་ཡོད་སྐོར། ཨོསི་ཊརེ་ལི་ཡ་གཞུང་གིས་གོང་ཞུས་བོད་དང་བོད་མིའི་གནད་དོན་ཁག་ཞུ་རྩོད་གནང་དགོས་པ་ལྟར་གནང་བཞིན་ཡོད་སྐོར་གྲོས་ཚོགས་ལ་གསུངས་འདུག
ཨོསི་ཊརེ་ལི་ཡའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་གཟའ་ཟླ་བའི་ཉིན་བོད་དོན་ཞུ་གཏུག་གི་ཉིན་མོར་རྒྱབ་སྐྱོར་གནང་བ་དང་སྦྲགས་བསྒྲགས་གཏམ་སྤེལ་ཏེ། བོད་ཀྱི་གནད་དོན་སྐོར་ཨོསི་ཊརེ་ལི་ཡ་གཞུང་གིས་རྒྱ་ནག་དང་རྒྱལ་སྤྱིའི་ལྡིང་ཆ་སྣ་མང་ཐོག་མུ་མཐུད་དུ་གླེང་སློང་དགོས་པའི་འབོད་སྐུལ་གནང་འདུག
ཡང་ཨོསི་ཊརེ་ལི་ཡའི་ངལ་རྩོལ་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་(Susan Templeman)་ལགས་དང་། ལྗང་ཁུ་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་(Janet Rice) དེ་བཞིན་གྲོས་ཚོགས་གོང་མའི་འཐུས་མི་(Dean Smith)་ལགས་བཅས་ཀྱིས་མཚན་རྟགས་སྐྱོན་པའི་སྙན་ཞུ་ཞིག་གཞུང་ལ་ཕུལ་བའི་ནང་། འགྲོ་བ་མིའི་ཐོབ་ཐང་ལ་ཚང་མས་གུས་བརྩི་ངེས་པར་དུ་ཞུ་དགོས་པ་དང་། རྒྱ་ནག་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པ་དང་། རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་རིགས་ཚོ་དེར་འགན་འཁུར་ཡོད་པ་བཟོ་དགོས་སྐོར་བཀོད་གནང་ཡོད་པ་མ་ཟད། ཨོསི་ཊརེ་ལི་ཡ་གཞུང་གིས་རྒྱལ་སྤྱིའི་ཐོག་བོད་ཀྱི་གནད་དོན་གླེང་སློང་གནང་རྒྱུའི་སྣེ་ཁྲིད་གནང་སྟེ་སྐུ་སྒེར་དང་ཡོངས་གྲགས་སུ་རྒྱ་ནག་གི་དཔོན་རིགས་ཚོ་དང་མཉམ་གླེང་སློང་དགོས་པ་དང་། བོད་ནང་གི་བཅའ་སྡོད་སློབ་གྲྭ་དེ་དག་སྒོ་རྒྱབ་བཅུགས་ནས་བོད་ཕྲུག་རྣམས་རང་གི་ཕ་མའི་སར་ཕྱིར་ལོག་བྱེད་དུ་འཇུག་དགོས་པའི་དགོས་འདུན་ཡང་བཏོན་གནང་འདུག
ད་དུང་རྒྱ་ནག་ནང་གྲངས་ཉུང་མི་རིགས་ཚོ་བཙན་ཤེད་འོག་བཟོ་རུ་བཅུགས་པའི་དངོས་ཟོག་མི་ཉོ་རྒྱུ་དང་དེར་ངོ་རྒོལ་བྱེད་དགོས་པའི་དགོས་འདུན་ཡང་བཏོན་ཡོད་པ་དང་། ཨོསི་ཊརེ་ལི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པ་(Australia Tibet Council)་གྱིས་གོང་བརྗོད་བོད་དང་འབྲེལ་བའི་གནས་ཚུལ་དེ་དག་ལ་དགའ་བསུ་ཞུས་ཡོད་འདུག
གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།