རྒྱ་གར་ནང་བོད་ཀྱི་བདེ་རྩ་ཚོགས་པ་བཙུཊ་ནས་ལོ་བཅུ་འཁོར་བ།

2014-10-28
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་གར་ནང་བོད་ཀྱི་བདེ་རྩ་ཚོགས་པ་བཙུཊ་ནས་ལོ་བཅུ་འཁོར་བའི་མཛད་སྒོ།
རྒྱ་གར་ནང་བོད་ཀྱི་བདེ་རྩ་ཚོགས་པ་བཙུཊ་ནས་ལོ་བཅུ་འཁོར་བའི་མཛད་སྒོ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན།

Denmarkལ་རྟེན་གཞི་བྱས་པའི་བོད་ཀྱི་བདེ་རྩའི་ལས་ཁུངས་ཡན་ལག་རྒྱ་གར་ནང་བཙུགས་ལོ་བཅུའི་རིང་ལས་དོན་འདྲ་མིན་བསྒྲུབ་འདུག
དེ་ཡང་ཕྱི་ཟླ་༡༠ཚེས་༢༧ཉིན་རྒྱ་གར་ནང་བོད་ཀྱི་བདེ་རྩ་ཚོགས་པ་བཙུགས་ནས་ལོ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་བྱས་ཡོད་པ་དང་། སྐབས་དེར་ཚོགས་པ་དེས་ད་བར་མི་མང་སྐྱོ་པོ་རྣམས་དང་། དངོས་ཡོད་དཀའ་ངལ་ཅན། ལྷག་པར་དུ་ཤེས་ཡོན་དང། འཕྲོད་བསྟེན། སྤྱི་ཚོགས་འཕེལ་རྒྱས། དུད་འགྲོ་ལྟ་སྐྱོང། རང་ཚུགས་ཐུབ་པའི་ཚོང་ལས་འཕེལ་རྒྱས་བཅས་ཀྱི་ཐོག་ལ་རོགས་རམ་ཇི་ལྟར་གནང་བའི་ལས་དོན་རྣམས་གསལ་བསྒྲགས་གནང་ཡོད་པ་རེད།
དེ་ཡང་ཚོགས་པ་དེའི་ཐོག་ནས་བོད་ནས་གསར་དུ་འབྱོར་བའི་སློབ་མ་རྣམས་ལ་དབྱིན་ཡིག་དང་། གློག་ཀླད་སྦྱོང་བརྡར་གྱི་གོ་སྐབས་བསྐྲུན་བཞིན་ཡོད་པ་མ་ཟད། ད་བར་ཁོང་ཚོས་སློབ་ཡོན་གྱི་རོགས་རམ་གནང་ཡུལ་སློབ་མ་མང་པོ་ཞིག་མཐོ་རིམ་སློབ་སྦྱོང་ཟིན་རྗེས་ད་ལྟ་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ལས་ཀའི་ནང་ཞུགས་བཞིན་ཡོད་པའི་སྐོར་དང། ད་དུང་རྡ་རམ་ས་ལའི་ཁུལ་དུ་ནད་པ་དང་། རྒས་འཁོགས་རྣམས་ལ་ལྟ་སྐྱོང་དང་། སྨན་གྱི་མཐུན་འགྱུར་རོགས་རམ། དེ་བཞིན་ཁེར་རྐྱང་དུ་ལུས་པའི་རྒས་འཁོགས་རྣམས་ལ་རོགས་སྐྱོར་དང་རྒན་འཁོགས་ཁག་ཅིག་ལ་རྒན་ཕོགས་སོགས་ཀྱི་རོགས་རམ་བྱེད་མུས་ཡིན་པ་མ་ཟད། ཚོགས་པ་དེས་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་དང་ཟུང་འབྲེལ་གྱིས་བོད་མིའི་གཞིས་ཆགས་ཁག་ནང་རང་ཚུགས་ཐུབ་པའི་ཚོང་ལས་བྱེད་ཕྱོགས་ཀྱི་སྐོར་ལ་ཟབ་སྦྱོང་གོ་སྒྲིག་ཞུས་པ་དང། དེ་བཞིན་རྡ་རམ་ས་ལ་དང་། ཅཱ་མུ་ཌ། སྦིར། ཌལ་ཧོར་བཅས་ཀྱི་བོད་པའི་ཚོང་པ་ཚོར་ཚོང་དང་འབྲེལ་བའི་ཁྲིམས་ཀྱི་འགྲོ་སྟངས་དང་ཁྲལ་སོགས་ཀྱི་སྐོར་ལ་ཟབ་སྦྱོང་གོ་སྒྲིག་ཞུས་ཡོད་པ་རེད། ད་བར་འདས་པའི་ལོ་ངོ་བཅུའི་ནང་དུ་ཚོགས་པ་དེའི་ངོས་ནས་གཟེངས་སུ་ཐོན་པའི་ལས་དོན་གྲུབ་འབྲས་བཟང་པོ་གྲུབ་ཐུབ་པ་དེ་ནི། གཙོ་བོ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་དང་། ཡང་སྒོས་གཏོང་ཕོད་ཅན་གྱི་སྦྱིན་བདག་རྣམ་པ། ཚོགས་པ། དེ་བཞིན་སྒེར་པ་བཅས་ནས་དངོས་ཤུགས་བརྒྱུད་གསུམ་གྱིས་མཐུན་འགྱུར་རོགས་རམ་དང་ཁ་བྲལ་ཐབས་མེད་པར་ངོས་འཛིན་གནང་གི་ཡོད་པ་རེད། བོད་ཀྱི་བདེ་རྩ་ཚོགས་པ་དེ་ནི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་དང་ཤེས་ཡོན། འཕྲོད་བསྟེན། དཔལ་འབྱོར་ལྷན་ཁང་བཅས་དང་མཉམ་འབྲེལ་གྱིས་ལས་དོན་སྤེལ་མཁན་ཞིག་ཀྱང་ཡིན་ཞིང། ད་བར་ཚོགས་པ་དེས་ད་བར་བོད་པའི་སྤྱི་ཚོགས་ལ་ཕན་པའི་ལས་དོན་མང་པོ་ཞིག་སྒྲུབ་ཐུབ་པ་བྱུང་ཡོད་ནའང་། ད་དུང་ལས་དོན་མང་པོ་ཞིག་མ་འོངས་པར་བསྒྲུབ་རྒྱུ་ལྷག་ཡོད་པ་དེ་དག་སྔར་བས་ལྷག་བསམ་དང་འབད་བརྩོན་ལྷོད་མེད་ཞུ་རྒྱུར་ཚང་མས་སྔར་བཞིན་ཕྱ་བ་གྲུ་འདེགས་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་རེད།
མཛད་སྒོའི་ཐོག་སྲིད་སྐྱོང་མཆོག་ཕེབས་ནས་ཚོགས་པ་དེའི་ལས་དོན་བྱེད་ཕྱོགས་ལ་བསྔགས་བརྗོད་གཏམ་བཤད་གནང་ཡོད་པ་རེད།

གསར་འགོད་པ་ཉི་མ་གཡུ་སྒྲོན

མཆན། (0)
Share
དྲ་གནས་ཆ་ཚང༌།