བོད་ལ་རྒྱ་ནག་མན་ཇུའི་སྔོན་ནས་བླ་མའི་ཡང་སྲིད་ངོས་འཛིན་གནང་སྲོལ་ཡོད། ཡང་སྟེང་རིན་པོ་ཆེ་ཡིས།

2023.02.28
བོད་ལ་རྒྱ་ནག་མན་ཇུའི་སྔོན་ནས་བླ་མའི་ཡང་སྲིད་ངོས་འཛིན་གནང་སྲོལ་ཡོད། ཡང་སྟེང་རིན་པོ་ཆེ་ཡིས། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཡང་སྟེང་རིན་པོ་ཆེ་མཆོག
མཐུན་འགྱུར་པར་རིས།/RFA

ཉེ་ཆར་རྒྱ་ནག་གི་གོ་ལའི་དུས་བབ་དྲྭ་རྒྱའི་རྩོམ་སྒྲིག་པའི་གཏམ་གྱི་ནང་དུ། འབྱུང་འགྱུར་༧གོང་ས་མཆོག་གི་ཡང་སྲིད་ངེས་པར་རྒྱ་ནག་ཏུ་ངོས་འཛིན་བྱེད་དགོས་པ་དང་། བོད་ཀྱི་ཆོས་ལུགས་བྱེད་སྒོ་ཁག་ནི་རྒྱ་ནག་གི་ནང་སྲིད་གནད་དོན་ཡིན་པ་སོགས་བཤད་ཡོད་པའི་ཐད། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཡང་སྟེང་རིན་པོ་ཆེ་མཆོག་གིས། “རྒྱ་ནག་མན་ཇུའི་སྐབས་ནས་ཡང་སྲིད་ངོས་འཛིན་གྱི་སྐོར་ལ་ཐེ་ཇུས་ཀྱི་སྐད་ཆ་རྩ་བ་ནས་མེད་པའི་གོང་ནས། བོད་ནང་བོད་རང་གི་ནང་ཆོས་ཀྱི་འགྲོ་སྟངས་ཀྱི་བྱེད་སྒོ་ཁག་གཞི་ལ་བཞག་སྟེ། ལོ་བདུན་བརྒྱ་ལྷག་གི་གོང་ནས་ཡང་སྲིད་ངོས་འཛིན་གནང་སྟངས་བྱུང་བསྡད་ཡོད་པ་དང་། ཕྱིས་སུ་དུས་རབས་བཅུ་བདུན་ནས་བཅུ་དགུ་བར་ཆབ་སྲིད་ཀྱི་སྒྲིག་འཛུགས་ཁག་གིས་བླ་མའི་ཡང་སྲིད་ལ་དོ་སྣང་དང་། བེད་སྤྱོད་ཀྱི་རིགས་མང་པོ་ཕྱི་ནང་གང་ས་ནས་འདྲེས་ཏེ། བླ་མ་ལ་མི་མང་གིས་དད་གུས་ཞུ་བཞིན་ཡོད་པས་བླ་མའི་ནུས་པ་བརྒྱུད་ནས་མི་མང་དབང་བསྒྱུར་དང་། སོ་སོའི་ཁེ་ཕན་སྒྲུབ་པའི་བསམ་ཚུལ་དེ། ཆབ་སྲིད་པ་ཚོའི་སེམས་ནང་ཏན་ཏན་ཡོང་བསྡད་ཡོད་པ་”སོགས་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གི་གོ་ལའི་དུས་བབ་ནང་། “བོད་ཀྱི་ཡང་སྲིད་ངོས་འཛིན་གྱི་གནད་དོན་ཡོན་རྒྱལ་རབས་ཀྱི་སྐབས་ནས་གཏན་འབེབས་བྱུང་བ་དང་། མིང་རྒྱལ་རབས་སྐབས་འཕེལ་རྒྱས་སུ་བཏང་བ། མན་ཆིང་གི་སྐབས་སུ་༧གོང་ས་ལྔ་བ་ཆེན་མོ་དང་༧པཎ་ཆེན་སྐུ་ཐོག་ལྔ་བ་ལ་མན་ཇུ་གོང་མས་མཚན་གནས་ཕུལ་བ་སོགས་འཁོད་ཡོད་པའི་ཁར། བོད་ཀྱི་ནང་ཆོས་འཕེལ་རྒྱས་སུ་རྒྱ་ནག་གི་ས་ཁོངས་ནས་ཕྱིན་པ་དང་བོད་ཀྱི་སྤྲུལ་སྐུ་རྣམས་ནི་རྒྱ་ནག་གི་མི་སེར་ཡིན་པས། ༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་ངེས་པར་དུ་རྒྱ་ནག་གི་ས་ཁོངས་ནས་བྱེད་དགོས་པའི་མུར། བོད་ཀྱི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཅི་རིགས་རྒྱ་ནག་གི་ནང་སྲིད་གནད་དོན་ཡིན་པ”་བྲིས་འདུག དེའི་ཐད་ནོར་གླིང་མཐོ་སློབ་ཀྱི་ལོ་རྒྱུས་དགེ་རྒན་དང་ལོ་རྒྱུས་ཉམས་ཞིབ་པ་སྨན་ཤེར་བློ་གྲོས་ལགས་ནས། བོད་ཀྱི་ཡང་སྤྲུལ་ངོས་འཛིན་གྱི་ལམ་ལུགས་དེ་རྒྱ་ནག་གི་ཐང་རྒྱལ་རབས་དང་སུང་རྒྱལ་རབས། ཡོན་དང་མིང་རྒྱལ་རབས་སོགས་ཆ་ཚང་གི་སྐབས་སུ། ལོ་རྒྱུས་ཀྱི་འབྲེལ་བ་རྩ་བ་ནས་མེད་ནའང་། འབྲེལ་བ་བཏགས་ས་ནི་མན་ཇུ་དང་གཞུང་ས་དགའ་ལྡན་ཕོ་བྲང་གི་འབྲེལ་བའི་ཐད་སྐད་ཆ་བཤད་ཀྱི་ཡོད་པའི་རྣམ་པ་རེད་དེ། ༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་ནང་ནས་ཡང་སྲིད་ངོས་འཛིན་ཐད་མན་ཇུའི་རྒྱལ་རབས་དང་འབྲེལ་བ་བྱུང་བ་དེར། ལོ་ངོ་༣༦གི་ལོ་རྒྱུས་ལས་མེད་པའི་ཁར། འབྲེལ་བ་དེ་ལ་ཡང་ལོ་རྒྱུས་ཀྱི་གཞི་འཇོག་ས་དང་ཆོས་ལུགས་ཀྱི་རྒྱབ་ལྗོངས་རྣམ་གཞག འཇིག་རྟེན་གྱི་ལམ་སྲོལ་དང་ཁྲིམས་ཀྱི་གཞི་རྩ་སོགས་གང་ཡང་མེད་པ་མ་ཟད། མན་ཇུ་རང་ངོས་ནས་ཀྱང་༧རྒྱལ་དབང་བཅུ་གསུམ་པ་ནས་ལམ་ལུགས་དེ་མཇུག་བསྡུས་ཚར་པ་རེད་ཅེས་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་གིས་བོད་ཀྱི་སྤྲུལ་སྐུ་ངོས་འཛིན་གྱི་ཡིག་ཆ་གཏན་འབེབས་ཀྱིས། ཐོག་མཐའ་བར་གསུམ་དུ་༧རྒྱལ་བའི་ཡང་སྲིད་རྒྱ་ནག་ཏུ་འཁྲུངས་དགོས་པ་དང་། ངོས་འཛིན་གྱི་དབང་ཆ་ཁོ་རང་ཚོར་ཡོད་ལུགས་བཤད་ཀྱི་ཡོད་ནའང་། ༧གོང་ས་མཆོག་གིས་སྤྱི་ལོ་༢༠༡༩ལོ་སྤྱི་ཟླ་༣པའི་ཚེས་༡༨ཉིན་(Reuters)་གསར་ཁང་དུ་བཀའ་ལན་གནང་བའི་ནང་། “མ་འོངས་པར་༧སྐུའི་ཡང་སྲིད་དེ་རང་དབང་གི་རྒྱལ་ཁབ་ནས་གཅིག་དང་རྒྱ་ནག་སྲིད་གཞུང་ནས་ངོས་འཛིན་བྱས་པ་བྱུང་ཚེ། མི་མང་གི་ངོས་ནས་རྒྱ་ནག་གིས་བདམས་པའི་ཡང་སྲིད་དེར་གུས་བརྩི་ཞུ་ཐབས་མེད་པ་དང་། མགོན་པོ་༧གང་ཉིད་རྒྱ་གར་དུ་མི་ལོ་དྲུག་ཅུ་ལྷག་གི་རིང་བཞུགས་མྱོང་བས། ༧སྐུའི་ཡང་སྲིད་དེ་ཡང་རྒྱ་གར་རང་དབང་ལུང་པར་འཁྲུངས་སྲིད་པའི་སྐོར་སོགས་བཀའ་བསྩལ་ཡོད་པ་རེད།


གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎