རྒྱ་ནག་ནས་བོད་ནང་ཡུལ་སྐོར་དུ་ཡོང་མཁན་མང་དྲགས་ནས་གནས་རྩ་ཆེན་དང་ཁོར་ཡུག་ལ་ཉེན་ཚབས་ཡོད་པ།

2021-06-21
Share
རྒྱ་ནག་ནས་བོད་ནང་ཡུལ་སྐོར་དུ་ཡོང་མཁན་མང་དྲགས་ནས་གནས་རྩ་ཆེན་དང་ཁོར་ཡུག་ལ་ཉེན་ཚབས་ཡོད་པ། ལྷ་སའི་བར་སྐོར་ནང་ཡུལ་སྐོར་བ་ཚོར་རེ་སྐུལ་གསལ་བསྒྲགས་གང་སར་ཡོད་པ། ༢༠༢༠།༧
བོད་འབྱོར།

རྒྱ་ནག་ནས་བོད་དུ་ཡུལ་སྐོར་སྤྲོ་འཆམ་ཡོང་མཁན་ཇེ་མང་དུ་ཕྱིན་པར་བརྟེན་ནས་བོད་ཀྱི་རང་བྱུང་ཁོར་ཡུག་དང་ལོ་རྒྱུས་ཀྱི་གནས་རྩ་ཆེན་ཁག་ལ་གནོད་སྐྱོན་ཐེབས་རྒྱུའི་ཉེན་ཁ་ཡོང་སྲིད་པ་རེད་འདུག
ཉེ་ལམ་རྒྱ་ནག་གཞུང་གིས་གོ་སྒྲིག་བྱས་བའི་འོག་ཕྱི་རྒྱལ་གྱི་གསར་འགོད་པ་རུ་ཁག་ཞིག་བོད་ནང་ཁྲིད་པའི་སྐབས་སུ། དེའི་ཁྲོད་ཀྱི་ཨེ་ཕི་(Associate Press)་གསར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་ནས་བོད་ནང་དུ་ཡུལ་སྐོར་སྤྲོ་འཆམ་དུ་ཡོང་མཁན་ལོ་ལྟར་མི་གྲངས་ས་ཡ་མང་པོ་བརྒལ་གྱི་ཡོད་པ་དང་། ༢༠༢༠་ལོར་ལོ་དེའི་སྔོན་མ་ལས་བརྒྱ་ཆ་༡༢་དང་ཕྱེད་ཀ་ཙམ་ཇེ་མང་དུ་ཕྱིན་ཡོད་སྐོར་དང་། ༢༠༢༦་སྔོན་ལྡབ་གཅིག་ལས་མང་བ་འཕར་རྒྱུ་ཚོད་དཔག་བྱེད་ཀྱི་ཡོད་པ་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པའི་ཚོང་གཉེར་ཚོགས་པའི་འགན་འཛིན་གཞོན་པ་(Ge Lei)་ཞེས་པ་ཞིག་གིས་འགྲེལ་བརྗོད་བྱས་ཡོད་འདུག དེ་ནི་ས་གནས་ཡུལ་མིའི་མི་འབོར་ས་ཡ་༣་དང་ཕྱེད་ཀ་ཙམ་ལས་མེད་པས། ཡུལ་སྐོར་བའི་གྲངས་ཀ་དེ་ལས་ལྡབ་གྱུར་གྱི་མང་བ་ཡོད་སྟབས་ཁོར་ཡུག་དང་རིག་གཞུང་སྲུང་སྐྱོབ་ཐད་དོགས་ཟོན་ཆེན་པོ་དགོས་ཀྱི་ཡོད་པ་བརྗོད་འདུག
ཡང་ཕོ་བྲང་པོ་ཏཱ་ལར་ཉིན་རེར་བལྟ་སྐོར་བྱེད་མཁན་མི་གྲངས་༥༠༠༠་ལས་མ་བརྒལ་བ་ཚད་གཞི་བཟོས་ཡོད་པ་དང་། དེ་ནི་ཡུལ་སྐོར་བའི་དགོས་འདུན་དང་དེ་བཞིན་ཕོ་བྲང་པོ་ཏཱ་ལ་རུ་བལྟ་སྐོར་བྱེད་མཁན་མང་དྲགས་པའི་སྐྱོན་མི་འབྱུང་བར་ཕྱོགས་གཉིས་དོ་མཉམ་ཡོང་ཐབས་ཀྱི་ཆེད་དུ་རེད་ཅེས་པོ་ཏཱ་ལའི་འཛིན་སྐྱོང་དོ་དམ་པ་མགོན་པོ་བཀྲ་ཤིས་ཞུ་བ་ཞིག་གིས་ཕྱི་རྒྱལ་ཀྱི་གསར་འགོད་པར་འགྲེལ་བརྗོད་བྱས་འདུག
ད་དུང་ཁོང་གིས་ང་ཚོར་དཀའ་ངལ་དང་གདོང་ལེན་ཆེ་ཤོས་དེ་ཕྱོགས་གཅིག་ནས་རྩ་ཆེ་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱེད་རྒྱུ་དང་། ཡང་ཕྱོགས་གཞན་ནས་དེ་དག་ལ་བཀོལ་སྤྱོད་མང་བའི་རྐྱེན་དེ་རེད་ཅེས་བརྗོད་འདུག
རྒྱ་ནག་གི་ཡུལ་སྐོར་བ་ཚོར་བོད་ཀྱི་ཐུན་མོང་མ་ཡིན་པའི་ཡུལ་གྱི་བཀོད་པ་དང་། མཛེས་ལྗོངས་ལ་ཡིད་དབང་འཕྲོག་གི་ཡོད་པ་དང་། དེ་ཡང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་སྔོན་འགོག་གི་དམ་དྲག་འོག་བོད་དུ་ཕྱི་རྒྱལ་ལས་རྒྱ་ནག་གི་ཡུལ་སྐོར་བ་མང་དུ་ཕྱིན་པའི་སྐོར་བརྗོད་འདུག

lhasa-potala.jpg
དེ་སྔོན་རྒྱ་ནག་གི་ཡུལ་སྐོར་བ་ཚོས་རླུང་རྟ་དར་ལྕོག་ལ་རྡོག་བརྫིས་བཏང་བ་སོགས་བོད་པའི་རིག་གཞུང་ལ་གུས་བརྩི་མི་ཞུ་བ་སོགས་བྱུང་ཡོད་ཅིང་། ཡུལ་སྐོར་དང་མཉམ་དུ་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་དྲིལ་བསྒྲགས་སྤེལ་ནས་ལོ་རྒྱུས་གནས་བབས་ལ་འགྱུར་བ་གཏོང་བའི་ཉེན་ཁ་ཡོད་པ་རེད་འདུག
རྒྱ་ནག་གི་ཡུལ་སྐོར་བ་འགྲོ་ས་གནས་གལ་ཆེ་ཤོས་གཅིག་དེ་བོད་ལྗོངས་ཀྱི་འདམ་གཞུང་གི་ནུབ་བྱང་ཕྱོགས་སུ་གནས་པའི་གནམ་མཚོ་ཡིན་པ་དང་། གནས་དེ་གངས་རིས་བསྐོར་ཞིང་ལྷ་ཁང་ཡོད་པ་དང་། མཚོ་རུ་ཉ་རིགས་དང་དེའི་སྟེང་དུ་བྱ་ཁྱུ་ལྡིང་བ། མཐའ་རུ་སྤང་གཞོངས་སྔོན་མོས་མཛེས་པ་སོགས་བོད་ཁམས་ཀྱི་མཛེས་ལྗོངས་ལས་དྭངས་རྩེར་འཕགས་པ་ཞིག་ཡིན་པ་རེད། ས་གནས་དེའི་གཡས་གཡོན་དུ་འཛུགས་བསྐྲུན་གྱི་ལས་གཞི་རིག་གཟབ་ནན་མ་བྱས་ཚེ་ད་ལྟའི་མཛེས་ལྗོངས་ལ་དོ་ཕོག་ཐེབས་རྒྱུའི་ཉེན་ཁ་ཡོད་པ་དང་། བོད་ཀྱི་རང་བྱུང་ཁམས་དང་རིག་གཞུང་སྲུང་སྐྱོབ་ཡོང་བར་ཕུག་རྒྱང་རིང་པོའི་འཆར་གཞི་མེད་ན་དཀའ་ངལ་འཕྲད་རྒྱུ་ཡིན་པ་དང་། དེར་བརྟེན་རྒྱ་རིགས་ཚོས་བོད་ནང་དུ་བསྐོར་བསྐྱོད་ཀྱི་སྐབས་སུ་སྤྱོད་ལམ་དང་སྒྲིག་གཞི་ཞིག་གཏན་འབེབས་བྱེད་རྒྱུ་གལ་ཆེན་པོ་རེད་འདུག་ཅེས་གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་འདུག
དེ་སྔ་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། ཉེ་ལམ་རྒྱ་ནག་ནང་རྒྱ་ནག་ཝུའུ་ཧན་ནས་མཆེད་པའི་ཏོག་དབྱིབས་གསར་བའི་ནད་ཡམས་ཁྱབ་གདལ་ཇེ་ཉུང་ལ་སོང་ཚུལ་གྱིས་འགྲོ་བསྐྱོད་བཀག་སྡོམ་གུ་ཡངས་བཏང་བའི་རྗེས། རྒྱ་ནག་ནང་ཁུལ་གྱི་ས་ཁུལ་འདྲ་མིན་ནས་རྒྱ་རིགས་ཡུལ་སྐོར་བ་ཧ་ཅང་མང་པོ་བོད་ཀྱི་རྒྱལ་ས་ལྷ་སར་འབྱོར་དང་འབྱོར་མུས་ཡིན་པའི་གནས་སྟངས་འོག ཡུལ་སྐོར་བ་མང་པོ་ཞིག་གིས་ལྷ་སའི་བར་སྐོར་གླིང་དང་གཙུག་ལག་ཁང་གི་མདུན། ཕོ་བྲང་པོ་ཏཱ་ལའི་མདུན་ཐང་བཅས་སུ་ཐ་མག་འཐེན་པ་དང་། གང་བྱུང་གིས་ཆུའི་འགྱིག་དམ་སྟོང་པ་སོགས་གད་སྙིགས་གང་སར་གཡུག་པ་སོགས་ཁོར་ཡུག་གཙང་སྦྲར་བདག་གཅེས་མི་བྱེད་པའི་རྒྱ་རིགས་ཡུལ་སྐོར་ཚོར་ས་གནས་བོད་མི་ཚོས་ཁོར་ཡུག་གཙར་སྦྲར་བདག་གཅེས་གནང་རོགས་ཞུས་སྐབས། བོད་མི་ཚོར་མཐོང་ཆུང་བྱེད་པ་དང་། དེའི་རྐྱེན་པས་ཡང་ཡང་ཁ་རྩོད་ཤོར་བ་སོགས་ཕྱོགས་མང་པོ་ནས་ས་གནས་བོད་མིའི་སེམས་ཁམས་དང་གོམས་སྲོལ་ལ་མ་བསྟུན་པའི་དཀའ་ངལ་འཕྲད་བཞིན་ཡོད་པ་མ་ཟད། མཚམས་རེར་ས་གནས་བོད་མི་དང་རྒྱ་རིགས་ཡུལ་སྐོར་བའི་བར་ཁ་རྩོད་འཁྲུག་རྩོད་ཤོར་སྐབས་རྒྱ་ནག་གི་སྤྱི་བདེ་ཉེན་རྟོག་ཚན་པས་བོད་མི་ཚོར་མི་རིགས་མཐུན་སྒྲིལ་གཏོར་ཚུལ་གྱི་ཆབ་སྲིད་ཀྱི་ཉེས་བ་གཡོག་ཐབས་བྱེད་བ་སོགས་ཀྱི་དཀའ་ངལ་འཕྲད་བཞིན་པ་ངོ་སྤྲོད་གནང་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།