བཙན་བྱོལ་བོད་མི་ཚོས་༢༠༢༡གི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་གནང་སོང་།

2021-01-04
Share
བཙན་བྱོལ་བོད་མི་ཚོས་༢༠༢༡གི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་གནང་སོང་། བཙན་བྱོལ་བོད་མི་ཚོས་༢༠༢༡གི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་སྐབས། ༢༠༢༡།༡།༣
RFA/Dhasa

མང་གཙོའི་ལམ་ལུགས་ལྟར་བོད་མི་ཚོས་བོད་མིའི་སྒྲིག་འཛུགས་ཀྱི་༢༠༢༡ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་འཛམ་གླིང་གི་ཡུལ་གྲུ་གང་སར་གནང་སོང་།
སྤྱི་ལོ་༢༠༢༡ལོའི་སྤྱི་ཟླ་༡ཚེས་༣ཉིན། བཙན་བྱོལ་བོད་མི་རྣམས་ཀྱིས་མང་གཙོའི་ཁེ་དབང་ལོངས་སུ་སྤྱད་ནས་སྤྱི་ལོ་༢༠༢༡ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྤྱི་འཐུས་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་ཆེན་མོ་དངོས་སུ་འགོ་འཛུགས་གནང་ཞིང་། རྒྱ་གར་བྱང་ཕྱོགས་བཞུགས་སྒར་ཁུལ་དུ་བོད་མི་སེར་སྐྱ་མང་པོ་ཞིག་གིས་འཚང་ཀ་ཤིག་ཤིག་ངང་འོས་ཤོག་འཕངས་ཡོད། སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གསོལ་རས་གནང་བའི་མང་གཙོ་དེ་བཞིན་རྒྱལ་སྤྱིའི་མང་གཙོའི་རྒྱལ་ཁབ་ཁག་དང་དཔུང་པ་མཉམ་གཤིབ་ཀྱིས་འགྲན་ཐུབ་པའི་མང་གཙོ་ཞིག་ཆགས་ཡོད་པ་མ་ཟད། དེར་གཟི་བརྗིད་དང་ལོ་རྒྱུས་ལྡན་ཞིང་། རྒྱ་ནག་དམར་ཤོག་གཞུང་ལ་ཡང་ད་རེས་བརྡ་ལན་གསལ་པོ་ཞིག་བཏང་ཡོད་པ་འགྲེལ་བརྗོད་གནང་སོང་།
རྒྱ་གར་བྱང་ཕྱོགས་ལ་དྭགས་ས་ཁུལ་དུ་༢༠༢༡ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་དེབ་སྐྱེལ་བྱེད་མཁན་ཁྱོན་བོད་མི་བཞི་སྟོང་ཙམ་བྱུང་འདུག འོན་ཀྱང་། ལ་དྭགས་བསོད་ནམས་གླིང་གཞིས་ཆགས་གྱི་ས་གནས་འོས་བསྡུའི་ཚོགས་མི་ཞིག་གིས་ཡིག་རྨོངས་བ་འོས་འཕེན་པ་ཚོའི་འོས་ཤོག་དེ་བཞིན་འོས་འཕེན་པ་ཚོའི་འདོད་མོས་ལྟར་བྲིས་བཀོད་བྱས་མེད་པར་བརྟེན། འབྲེལ་ཡོད་ས་གནས་འོས་བསྡུ་ལས་ཁང་ནས་དེ་མ་ཐག་ཏུ་ཤེས་རྟོགས་བྱུང་སྟེ། ཁོང་ལས་སྣེ་ནས་ཕྱིར་ཕུད་བྱས་འདུག་པ་མ་ཟད། ས་གནས་འོས་བསྡུའི་ལས་ཁང་ནས་དབུས་འོས་བསྡུའི་འགན་འཛིན་ལ་དེ་འབྲེལ་གནས་ཚུལ་རྣམས་སྙན་སེང་ཞུས་པའི་རྗེས། དབུས་འོས་བསྡུ་འགན་འཛིན་མཆོག་ནས་གོང་ཞུས་འོས་བསྡུ་བྱ་ཡུལ་གྱི་ས་ཚིགས་དེའི་འོས་འཕངས་ཟིན་པའི་འོས་ཤོག་༡༠༠ལྷག་རྩིས་མེད་བཏང་སྟེ་ཉིན་རྒྱབ་ཕྱག་ཚོད་༢པ་ཙམ་ནས་སླར་ཡང་འོས་ཤོག་འཕངས་འདུག
འདི་གའི་ལ་དྭགས་ཀྱི་གསར་འགོད་པ་འཕྲིན་ལས་ཆོས་སྒྲོན་ལགས་ཀྱིས། ལ་དྭགས་བསོད་ནམས་གླིང་གི་བརྒྱ་ཤོག་བརྒྱད་པ་དང་དགུ་པ་གཉིས་ཀྱི་འོས་འཕེན་པ་མི་གྲངས་༣༡ལ་སྐད་ཆ་དྲིས་ཏེ། སྲིད་སྐྱོང་གི་འོས་ཤོག་སུ་ལ་མང་བ་ཐོབ་ཡོད་མེད་ཞིབ་འཇུག་རང་བཞིན་གྱི་དྲི་བ་དྲིས་པར། སྲིད་སྐྱོང་འོས་མི་བཞེངས་མཁན་སྤེན་པ་ཚེ་རིང་ལགས་ལ་འོས་ཤོག་༡༠དང་། འབྲོང་ཆུང་དངོས་གྲུབ་ལགས་ལ་འོས་ཤོག༦། རྒྱ་རི་སྒྲོལ་མ་ལགས་ལ་འོས་ཤོག༡༢། དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ལ་འོས་ཤོག་༣་བཅས་གྲུབ་དོན་བྱུང་འདུག

ཡང་སྤྱིའི་ཆ་ནས་འདི་ལོ་༢༠༢༡ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྤྱི་གཉིས་ཀྱི་འོས་བསྡུར་དེབ་སྐྱེལ་བྱེད་མཁན་ཁྱོན་བཙན་བྱོལ་བོད་མི་ཁྲི་བརྒྱད་ཙམ་བྱུང་འདུག་པ་དང་། བཞུགས་སྒར་རྡ་མ་ས་ལའི་ས་གནས་འོས་བསྡུ་ལས་ཁང་ཁྱབ་ཁོངས་སུ་ཁྱོན་མི་གྲངས་༧༠༠༠ཙམ་གྱི་འོས་བསྡུར་དེབ་སྐྱེལ་བྱས་འདུག་ཅིང་། ནད་དུག་སྔོན་འགོག་ཚོད་འཛིན་ཆེད་བཞུགས་སྒར་ཁུལ་དུ་ས་གནས་ཁག་མང་པོ་ཞིག་ལ་འོས་ཤོག་བླུགས་སའི་ས་ཚིགས་བཟོས་ཡོད་པ་ལས་འདི་གའི་གསར་འགོད་པས་རྡ་རམ་ས་ལའི་ཡོངས་གླིང་ཁུལ་དང་། སྨན་རྩིས་ཁང་། དེ་བཞིན་གངས་ཅན་སྐྱིད་གཤོངས་བཅས་སུ་འོས་འཕེན་པ་མི་གྲངས་༣༢༠ལ་སྐད་ཆ་དྲིས་ཏེ། སྲིད་སྐྱོང་གི་འོས་ཤོག་སུ་ལ་མང་བ་ཐོབ་ཡོད་མེད་ཞིབ་འཇུག་རང་བཞིན་གྱི་དྲི་བ་དྲིས་པར། སྲིད་སྐྱོང་འོས་མི་བཞེངས་མི་མཁན་སྤེན་པ་ཚེ་རིང་ལགས་ལ་འོས་ཤོག་༡༣༢དང་། སྲིད་སྐྱོང་འོས་མི་བཞེངས་མཁན་འབྲོང་ཆུང་དངོས་གྲུབ་ལགས་ལ་འོས་ཤོག་༧༧། རྒྱ་རི་སྒྲོལ་མ་ལགས་ལ་འོས་ཤོག༦༡། དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ལ་འོས་ཤོག་༤༤། བློ་བཟང་སྙན་གྲགས་ལགས་ལ་འོས་ཤོག་༥། ཨརྱ་ཡ་ཡེ་ཤེ་ཕུན་ཚོགས་ལགས་ལ་འོས་ཤོག་༡བཅས་གྲུབ་དོན་བྱུང་འདུག

ཡང་ཐེངས་འདིའི་བཙན་བྱོལ་བོད་མིའི་འོས་བསྡུ་དེ་བཞིན་དེ་སྔ་དང་མི་འདྲ་བར་ཀོཝིཌ་༡༩ཏོག་དབྱིབས་རིམས་ནད་སྔོན་འགོག་ཚོད་འཛིན་ཆེད་ཁ་རས་གྱོན་རྒྱུ་དང་ལག་པ་དུག་སེལ་གནང་རྒྱུ་དང་མི་ཕན་ཚུན་བར་རྒྱང་ཐག་བཞག་ནས་སྤྱི་ཚོགས་རྒྱང་བཀྱེད་བྱེད་རྒྱུ་བཅས་ནི། འོས་བསྡུ་འདིའི་དམིགས་བསལ་གྱི་ལས་རིམ་ཞིག་ཏུ་གྱུར་འདུག་ལ། རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པི་ལུགས་ཟུར་བསམ་གྲུབ་གླིང་བོད་མིའི་གཞིས་ཆགས་ཀྱི་ནང་འོས་བསྡུའི་དེབ་སྐྱེལ་བྱེད་མཁན་མི་གྲངས་༥༠༠༠ལྷག་དང་། སྦེ་ལ་ཀོ་པི་བདེ་སྐྱིད་སླར་གསོའི་གཞིས་ཁུངས་ཀྱི་ནང་མི་གྲངས་༡༥༠༠ལྷག་དེ་བཞིན་ཧོན་སུར་གཞིས་ཁུངས་ཀྱི་ནང་༡༠༠༠ཙམ་ཞིག་དང་། ཀོ་ལེ་གྷལ་གཞིས་ཁུངས་ཀྱི་ནང་མི་གྲངས༢༠༠༠ཙམ་གྱི་འོས་བསྡུ་དེབ་སྐྱེལ་བྱས་འདུག་ཅིང་། འདི་གའི་རྒྱ་གར་ལྷོ་ཕྱོགས་ཀྱི་གསར་འགོད་པ་པདྨ་དངོས་གྲུབ་ལགས་ཀྱིས་སྦེ་ལ་ཀོ་པི་ལུགས་བསམ་གཞིས་ཆགས་དང་བདེ་སྐྱིད་སླར་གསོ་གཞིས་ཆགས་གཉིས་སུ་འོས་འཕེན་མཁན་མི་བརྒྱ་དང་བཅུ་བཞི་ལ་སྐད་ཆ་དྲིས་ཏེ། སྲིད་སྐྱོང་གི་འོས་ཤོག་སུ་ལ་མང་བ་ཐོབ་ཡོད་མེད་ཞིབ་འཇུག་རང་བཞིན་གྱི་དྲི་བ་དྲིས་པར། སྤེན་པ་ཚེ་རིང་ལགས་ལ་འོས་ཤོག་༧༡དང་འབྲོང་ཆུང་དངོས་གྲུབ་ལགས་ལ་འོས་ཤོག༩། རྒྱ་རི་སྒྲོལ་མ་ལགས་ལ་འོས་ཤོག༡༠དང་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ལ་འོས་ཤོག་༢༤བཅས་ཀྱི་གྲུབ་དོན་བྱུང་འདུག

ཡང་རྒྱ་གར་བྱང་ཤར་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ཁུལ་དུ་ས་གནས་འོས་བསྡུ་ལྷན་ཁང་གི་ཁྱབ་ཁོངས་སུ་འོས་བསྡུའི་དེབ་སྐྱེལ་གནང་མཁན་མི་གྲངས་༡༨༡༨ བྱུང་ཡོད་པའི་ནང་ནས་སྔོན་འགྲོའི་འོས་བསྡུ་ཆེན་མོའི་ནང་དངོས་སུ་ཆ་ཤས་ལེན་མཁན་ཁྱོན་འོས་འཕེན་པ་༡༡༡༡ ཙམ་བྱུང་ཡོད་པ་ཚོད་དཔག་བྱེད་བཞིན་འདུག་ལ། འདི་གའི་རྒྱ་གར་བྱང་ཤར་གསར་འགོད་པ་པ་སངས་ཚེ་རིང་ལགས་ཀྱིས་སྒང་ཏོག་འོས་འཕེན་མཁན་མི་ལྔ་བཅུ་ལ་སྐད་ཆ་དྲིས་ཏེ། སྲིད་སྐྱོང་གི་འོས་ཤོག་སུ་ལ་མང་བ་ཐོབ་ཡོད་མེད་ཞིབ་འཇུག་རང་བཞིན་གྱི་དྲི་བ་དྲིས་པར། སྤེན་པ་ཚེ་རིང་ལགས་ལ་འོས་ཤོག་༡༠དང་། འབྲོང་ཆུང་དངོས་གྲུབ་ལགས་ལ་འོས་ཤོག་༡༢། རྒྱ་རི་སྒྲོལ་མ་ལགས་ལ་འོས་ཤོག་༡༠། དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ལ་འོས་ཤོག་༡༠། བློ་བཟང་སྙན་གྲགས་ལགས་ལ་འོས་ཤོག་༨ བཅས་གྲུབ་དོན་བྱུང་ཡོད་པ་རེད།

ཡང་རྒྱ་གར་བྱང་ཕྱོགས་ལྡེ་ར་ལྡུན་ས་གནས་འོས་བསྡུ་ལས་ཁང་གི་ཁྱབ་ཁོངས་ཀྱི་བདེ་སྐྱིད་གླིང་གཞིས་སྒར་དང་དགེ་འཕེལ་གླིང་། དེ་བཞིན་གཡས་གཡོན་གྱི་ཁ་ཐོར་མི་མང་དང་དགོན་སྡེ་ཁག་བཅས་ཁྱོན་བསྡོམས་མི་གྲངས་༡༧༠༠མ་ཟིན་ཙམ་གྱིས་དེབ་སྐྱེལ་བྱས་པ་བཞིན་ཚང་མས་འོས་བསྡུའི་ཆ་ཤས་བླངས་ཡོད་འདུག་ཅིང་། འདི་གའི་རྒྱ་གར་སྡེ་ར་རྡུན་གྱི་གསར་འགོད་པ་བློ་བཟང་ལགས་ཀྱིས། བདེ་སྐྱིད་གླིང་བོད་མིའི་གཞིས་སྒར་ཁུལ་དུ་འོས་འཕེན་མཁན་མི་གྲངས་༡༠༠ལ་སྐད་ཆ་དྲིས་ཏེ། སྲིད་སྐྱོང་གི་འོས་ཤོག་སུ་ལ་མང་བ་ཐོབ་ཡོད་མེད་བསམ་ཚུལ་དང་ཞིབ་འཇུག་རང་བཞིན་གྱི་དྲི་བ་དྲིས་པར། སྤེན་པ་ཚེ་རིང་ལགས་ལ་འོས་ཤོག་༤༣དང་། འབྲོང་ཆུང་དངོས་གྲུབ་ལ་འོས་ཤོག་༧། རྒྱ་རི་སྒྲོལ་མ་ལགས་ལ་འོས་ཤོག་༢༣། དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ལ་འོས་ཤོག་༢༢། བློ་བཟང་སྙན་གྲགས་ལགས་ལ་འོས་ཤོག་༥ བཅས་ཀྱི་གྲུབ་དོན་བྱུང་ཡོད་འདུག

ཐེངས་འདིའི་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོའི་སྐབས་འདི་གའི་ཡེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་གོང་ཞུས་བཙན་བྱོལ་བོད་མི་གནས་ཡུལ་རྒྱ་གར་གྱི་ས་གནས་རྡ་རམ་ས་ལ་དང་། རྒྱ་གར་ལྷོ་ཕྱོགས། བྱང་ཤར་སྒང་ཏོག སྡེ་ར་རྡུན། ལ་དྭགས་བཅས་རྒྱ་གར་གྱི་ས་གནས་མི་འདྲ་བ་ཁག་ལྔའི་ནང་བཙན་བྱོལ་བོད་མི་འོས་འཕེན་པ་ཁྱོན་མི་མང་༦༡༥ལ་སྲིད་སྐྱོང་གི་འོས་ཤོག་སུ་ལ་མང་བ་ཐོབ་ཡོད་མེད་དྲི་བ་དྲིས་ཏེ་བསམ་ཚུལ་བསྡུ་ལེན་བྱས་པའི་ཁྲོད། སྤེན་པ་ཚེ་རིང་ལགས་ལ་འོས་ཤོག་༢༦༦དང་། འབྲོང་ཆུང་དངོས་གྲུབ་ལགས་ལ་འོས་ཤོག་༡༡༡། རྒྱ་རི་སྒྲོལ་མ་ལགས་ལ་འོས་ཤོག་༡༡༦དང་། དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ལ་འོས་ཤོག་༡༠༣། བློ་བཟང་སྙན་གྲགས་ལགས་ལ་འོས་ཤོག་༡༨། ཨརྱ་ཡ་ཡེ་ཤེ་ཕུན་ཚོགས་ལགས་ལ་འོས་ཤོག་༡བཅས་ཀྱི་གྲུབ་དོན་བྱུང་འདུག་པ་དང་། གོང་ཞུས་(Exit Poll)འམ་སྲིད་སྐྱོང་གི་འོས་ཤོག་སུ་ལ་མང་བ་ཐོབ་ཀྱི་ཡོད་མེད་བསམ་ཚུལ་བསྡུ་ལེན་གྱི་སྙན་ཐོ་འདི་ནི་བརྒྱ་ཆ་བརྒྱ་ཡིད་ཆེས་འཕེར་བ་ཞིག་མིན།

གཞན་ཡང་ཉིན་འདིར་བཙན་བྱོལ་བོད་མི་གནས་སྡོད་བྱ་ཡུལ་རྒྱལ་ཁབ་གཞན་ཁག་སྟེ། ཐེ་ཝན་ཁུལ་དུ་བོད་མི་༨༧ཙམ་གྱི་འོས་བསྡུ་བདེ་སྐྱེལ་བྱས་ཡོད་པའི་ཁྲོད་ཁྱོན་མི་གྲངས་༦༧གྱིས་སྔོན་འགྲོའི་འོས་བསྡུ་ནང་དངོས་སུ་འོས་འཕངས་འདུག་པ་དང་། ཨོ་སི་ཀྲི་ལི་ཡ་ཁུལ་དུ་བཙན་བྱོལ་བོད་མི་༣༠༠༠མ་ཟིན་ཙམ་གནས་སྡོད་བྱེད་ཀྱི་ཡོད་པའི་ཁྲོད་བོད་མི་མང་ཤོས་གནས་སྡོད་བྱ་ཡུལ་ཨོ་སི་ཀྲི་ལི་ཡ་(Sydney)ཁུལ་དུ་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས། ས་ཚིགས་བཞི་ལ་བགོས་ཏེ་སྔོན་འགྲོའི་འོས་ཤོག་བླུགས་འདུག་པ་དང་། ཡང་བལ་ཡུལ་ནང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ནང་ཆ་ཤས་ལེན་མི་ཆོག་པ་བལ་ཡུལ་གཞུང་གིས་བཀོད་ཁྱབ་བཏང་ཡོད་ཀྱང་། ༢༠༢༠ལོའི་སྤྱི་ཚེས་༢༥་དང་ཚེས་༢༦ཉིན་སོ་སོར་བལ་ཡུལ་འཕགས་ཤིང་ས་གནས་དང་མཆོད་འབྱོར་ས་གནས་བཅས་སུ་དངོས་གསལ་དོད་པོ་མེད་པར་གསང་བའི་ལམ་ནས་འོས་ཤོག་བསྡུས་ཡོད་པའི་དབང་གིས། བོད་མི་ཁག་ཅིག་དང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཅས་བལ་ཡུལ་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་རྗེས་གློད་གློལ་བཏང་པ་ནས་བཟུང་། ད་བར་བསྐྱར་དུ་འོས་འཕེན་བྱས་ཡོད་མེད་སྐོར་གནས་ཚུལ་ཁ་གསལ་མེད་ཀྱང་། བལ་ཡུལ་སྤོག་ར་(Pokhara)ས་གནས་དང་། གཞན་མཐའ་མཚམས་ས་ཁུལ་ཁག་ཅིག་ཏུ་དངོས་གསལ་དོད་པོར་མེད་པའི་ཐོག་ནས་འོས་ཤོག་འཕངས་ཐུབ་པ་བྱུང་འདུག གཞི་རྩའི་ཆ་ནས་བལ་ཡུལ་ནང་བཙན་བྱོལ་བོད་མི་༧༠༠༠ཙམ་གྱི་འོས་བསྡུ་བདེ་སྐྱེལ་བྱས་ཡོད་ཀྱང་། འོས་དངོས་སུ་འཕེན་མཁན་ག་ཚོད་བྱུང་ཡོད་མེད་གནས་ཚུལ་ཁ་གསལ་མེད་རེད་འདུག
སྤྱི་ལོ་༢༠༢༡ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་ནང་བོད་མི་ལོ་ན་༡༠༠ལ་སོན་པ་དགེ་འདུན་པ་དགེ་འདུན་རྒྱ་མཚོ་ལགས་ཀྱིས་ཆ་ཤས་བླངས་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།