བོད་ནང་ཁོར་ཡུག་གཏོར་སྐྱོན་བཏང་རྐྱེན་ཆུ་ལོག་སོགས་འབྱུང་བའི་གནོད་འཚེ་ཡོང་བཞིན་པ་ཉམས་ཞིབ་པས་ངོས་འཛིན།

2021-06-22
Share
བོད་ནང་ཁོར་ཡུག་གཏོར་སྐྱོན་བཏང་རྐྱེན་ཆུ་ལོག་སོགས་འབྱུང་བའི་གནོད་འཚེ་ཡོང་བཞིན་པ་ཉམས་ཞིབ་པས་ངོས་འཛིན། མགོ་ལོག་རྨ་སྟོད་ཕྱོགས་སུ་ཆུ་ལོག་གི་གནོད་ཐེབས་ས་ཁུལ། ༦།༡༨།༢༡
བོད་འབྱོར།

རྒྱ་ནག་གཞུང་གིས་བོད་ནང་མུ་མཐུད་དུ་ཁོར་ཡུག་གཏོར་སྐྱོན་གཏོང་བཞིན་པའི་རྐྱེན་གྱིས་ཆུ་ལོག་སོགས་འབྱུང་བའི་གནོད་འཚེ་དོན་རྐྱེན་ལོ་རེ་བཞིན་ཛ་དྲག་ཆེ་རུ་འགྲོ་བཞིན་ཡོད་པ་ཉམས་ཞིབ་པས་བརྗོད་སོང་།
ཉེ་སྔོན་སྤྱི་ཟླ་༦་པའི་ཚེས་༡༧་ཡས་མས་སུ་མཚོ་སྔོན་ཞིང་ཆེན་གྱི་མགོ་ལོག་དང་ཡུལ་ཤུལ་སོགས་སུ་དྲག་ཆར་དང་ཆུ་ལོག་གིས། བོད་མིའི་འཚོ་བར་གནོད་འཚེ་ཚབས་ཆེན་ཐེབས་ཡོད་པ་དང་། དེ་བཞིན་སྔ་ལོ་༢༠༢༠་ཟླ་བརྒྱད་པའི་ནང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འབྲུག་ཆུ་རྫོང་ཁོངས་སུ་སྔ་རྗེས་ཆུ་ལོག་དང་ས་རུད་བྱུང་བའི་ཁྲོད་སྡོད་ཁང་མང་པོ་གཏོར་བཤིག་གི་གནོད་འཚེ་ཚབས་ཆེན་བྱུང་ཡོད་པ་རེད། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཉམས་ཞིབ་པ་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་དབང་བསྒྱུར་བྱས་པ་བཟུང་། བོད་ནང་གཅན་གཟན་རི་དྭགས་ལྡབ་གསོད་བྱས་པ་དེས་ཁོར་ཡུག་ལ་དོ་ཕོགས་འགྲོ་བ་དང་། དེའི་རྗེས་ཤིང་ནགས་གཅོད་འབྲེག་ཚད་ལས་བརྒལ་པ་བྱས་པའི་རྐྱེན་གྱིས་ས་རུད་རྒྱག་པ་དང་། ས་ཡའི་གནས་བབ་ཞན་པོ་གྱུར་བ། གཏེར་ཁ་སྔོག་འདོན་བྱས་པའི་རྐྱེན་གྱིས་རྩ་ས་ཉམས་རྒུད་འགྲོ་བ་དང་། ད་ལྟའི་ཆར་གྲོང་ཁྱེར་འཛུགས་བསྐྲུན་དང་འབྲོག་པ་གནས་སྤོ་སོགས་ཀྱི་ལས་འཆར་འོག་རྩ་ཐང་སྔོག་པ་དང་། རི་སྔོག་པ། ཡུལ་སྐོར་སྤྲོ་འཆམ་པ་མང་པོ་ཡོང་བ་སོགས་ཀྱི་རྐྱེན་པས་བོད་ཀྱི་ཁོར་ཡུག་ལ་དོ་ཕོག་ཆེན་པོ་བྱུང་བ་དང་། དེའི་རྐྱེན་གྱི་ལོ་རེ་བཞིན་བོད་ནང་ཆུ་ལོག་སོགས་འབྱུང་བའི་གནོད་འཚེ་རིགས་ཛ་དྲག་ཆེ་རུ་འགྲོ་བཞིན་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ཡང་ཁོང་གིས་སྤྱི་ལོ་༢༠༡༦་ལོར་ཐོག་མར་མདོ་སྨད་རྔ་བ་དང་ཀན་ལྷོ་སོགས་ཀྱི་ས་ཁུལ་དུ་ས་རུད་འདམ་ཉིལ་བྱུང་ཡོད་པ་དང་། སྤྱི་ལོ་༢༠༡༧་ལོར་མདོ་ཁམས་འཇོ་མདའ་དང་། སྡེ་དགེ་བཅས་ཀྱི་ནང་ཆུ་ལོག་དང་ས་རུད་བརྒྱབ་པ་སོགས་བྱུང་ཡོད། སྤྱི་ལོ་༢༠༡༨་ལོར་མདོ་སྟོད་སྨད་གཉིས་ཙམ་མ་ཟད། དབུས་ཕྱོགས་ཀྱི་ས་ཁུལ་ཁག་སྟེ། གཞིས་ཀ་རྩེ་དང་། ལྷ་ས། ས་སྐྱ། རྫོང་ཁ་སོགས་ནང་དྲག་ཆར་ཤུགས་ཆེར་བབ་སྟེ་ཆུ་ལོག་བརྒྱབ་པའི་དཀའ་ངལ་ཤུགས་ཆེར་བྱུང་ཡོད། ༢༠༡༩་ལོའི་དགུན་ཁའི་སྐབས། མདོ་ཁམས་ཡུལ་ཤུལ་དང་མགོ་ལོག་ཁུལ་དུ་གངས་ཤུགས་ཆེར་བབ་སྟེ་སེམས་ཅན་སྟོང་ཕྲག་མང་པོ་ཤི་ཡོད། ༢༠༢༠་ལོའི་དབྱར་ཁའི་སྐབས་ས་རུད་ཆེན་པོ་བྱུང་ནས་རོང་བྲག་ཕྱོགས་སུ་ཆུ་ལོག་བྱུང་བ་དང་འབྲི་ཆུ་ཉིན་བཅུའི་རིང་འགག་ཡོད། འདི་ལོ་ཡང་མགོ་ལོག་ཕྱོགས་སུ་ཆུ་ལོག་བྱུང་ཡོད་པ་དེ་ཚོ་ཁོར་ཡུག་གཏོར་སྐྱོན་བྱུང་བའི་རྐྱེན་གྱི་ཡིན་པ་འགྲེལ་བརྗོད་གནང་གི་འདུག

golok-matoe (1).jpg
ཁོར་ཡུག་སྲུང་སྐྱོབ་ཐད། རྒྱ་ནག་གཞུང་གིས་རང་གི་ཁེ་ཕན་ཆེད་དུ་མ་གཏོགས་ལས་ཀ་མི་བྱེད་པ་དང་། ཁོར་ཡུག་སྲུང་སྐྱོབ་ལ་ཐབས་ལམ་གཉིས་ཡོད་པ་གོམས་འདྲིས་དང་། ཉེན་ཁ་ཆུང་དུ་གཏོང་རྒྱུ་དེ་གཉིས་རེད། དེའི་ནང་ནས་ཉེན་ཁ་ཆུང་དུ་གཏོང་རྒྱུ་དེ་དབང་བསྒྱུར་བའི་ལག་ཏུ་ཡོད་པ་རེད། གོམས་འདྲིས་ནི་བོད་མི་རང་ཉིད་ནས་གནང་ཐུབ་པ་ཤིག་ཡིན་སྟབས། བོད་མི་ཚོས་གནམ་གཤིས་འགྱུར་ལྡོག་ལ་གཞིགས་པས། ཁང་པ་རྒྱག་སྟངས་སོགས་ལ་འགྱུར་བ་གཏོང་དགོས་གལ་ཆེ་བ་གསུང་གནང་གི་འདུག
བོད་ཀྱི་ས་བབས་ཀྱི་གནས་སྟངས་ཀྱི་ཆ་ནས་འཛམ་གླིང་ས་ཕྱོགས་གཞན་དང་མི་འདྲ་བར་བོད་ལ་ཉེན་ཁ་ཆེ་བ་ཡོད་པ་འགྲེལ་བརྗོད་གནང་གི་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།