ཨིསི་ཊོ་ནི་ཡའི་གྲོས་ཚོགས་འཐུས་མི་ཁག་ཅིག་བོད་ཀྱི་མང་གཙོའི་དུས་དྲན་གྱི་གཞུང་འབྲེལ་མཛད་སྒོར་མཉམ་ཞུགས་གནང་བར་རྒྱ་ནག་གིས་སྐྱོན་བརྗོད་བྱས་འདུག
ཕྱི་ལོ་ ༢༠༢༤ ཟླ་ ༩ ཚེས་ ༢ ཉིན་བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་མང་གཙོའི་དུས་དྲན་ཐེངས་ ༦༤ པའི་གཞུང་འབྲེལ་མཛད་སྒོའི་ཐོག སྐུ་མགྲོན་གཙོ་བོར་ཡོ་རོབ་གླིང་ཕྲན་གྱི་ཨིསི་ཊོ་ནི་ཡའི་ (Estonia) རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཇུ་ཀུ་ཁེལི་རེཌ་ (Juku Kalle Raid) ལགས་ཀྱིས་གཙོས། བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་རོཡི་ སིཊཱརེཡེ་ཌར་(Mr Roy Strider) ལགས། གྲོས་ཚོགས་འཐུས་མི་ཀཱར་མེན་ ཇོ་ལར་ (karmen Joller) ལགས། ཨེསིཊར་ ཨརུསེར་ (Ester Aruser)་ལགས་བཅས་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་དབུ་ཞུགས་གནང་བ་མ་ཟད། བོད་དོན་ལ་མུ་མཐུད་དུ་རྒྱབ་སྐྱོར་དང་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དྲག་རྩུབ་ཀྱི་སྲིད་ཇུས་ལ་ངོ་རྒོལ་ཡོད་པའི་བོད་དོན་གཏམ་བཤད་གནང་ཡོད་པ་རེད།
དེའི་ཐད་ཨིསི་ཊོ་ནི་ཡའི་ (Estonia) རྒྱལ་སར་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གིས་ཨིསི་ཊོ་ནི་ཡའི་ (Estonia)་ཕྱི་སྲིད་ལས་ཁུངས་དང་གྲོས་ཚོགས་བཅས་སུ་ཆེད་དུ་འཕྲིན་ཡིག་བཏང་ནས་ཡུལ་དེའི་གྲོས་ཚོགས་འཐུས་མི་ཁག་ཅིག་རྒྱ་གར་རྡ་རམ་སཱ་ལར་ཕེབས་པའི་གནས་ཚུལ་ཐད་སེམས་ཚབས་ཡོད་པའི་རྣམ་འགྱུར་དང་འབྲེལ་སྐྱོན་བརྗོད་བྱས་འདུག་ལ། རྒྱ་ནག་གཞུང་ཚབ་ཁང་གིས་བོད་ལ་དབྱིན་སྐད་ཐོག་ (Tibet) ཞེས་པའི་ཚབ་ཏུ་རྒྱ་སྐད་ཀྱི་ཐ་སྙན་ཤི་ཙང་ (Xizang) ཞེས་བཀོལ་སྤྱོད་བྱས་ནས་བོད་འདི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་དང་བཙན་བྱོལ་བོད་གཞུང་ཟེར་བ་དེ་ནི་ཆབ་སྲིད་ཀྱི་ཁ་བྲལ་ཕྱོགས་ཁག་ཡིན་ཚུལ་སོགས་ནམ་རྒྱུན་གྱི་རྒྱ་ནག་གི་ལངས་ཕྱོགས་དང་བཤད་སྟངས་ཁག་བསྐྱར་བཟློས་བྱས་ཏེ། ཨིསི་ཊོ་ནི་ཡའི་ (Estonia) རྒྱལ་ཁབ་ཀྱི་གཞུང་གིས་རྒྱ་ནག་ལ་བོད་དེ་བཞིན་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་། བོད་རང་བཙན་ལ་རྒྱབ་སྐྱོར་གྱི་ལས་འགུལ་ཅི་རིགས་ལ་རྒྱབ་སྐྱོར་མཚམས་འཇོག་བྱེད་དགོས་པ་བརྗོད་པ་དང་། ཡུལ་དེའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་ཁག་གཅིག་བཙན་བྱོལ་བོད་གཞུང་གི་ལྟེ་གནས་ལ་བསྐྱོད་པ་དེ་ནི་རྒྱ་ནག་གི་ནང་སྲིད་གནད་དོན་ལ་ཐེ་ཇུས་བྱས་པ་ཡིན་པའི་སྐྱོན་བརྗོད་བྱས་འདུག
ཨིསི་ཊོ་ནི་ཡའི་གྲོས་ཚོགས་འཐུས་མི་ཇུ་ཀུ་ཁེལི་རེཌ་ (Juku Kalle Raid) ལགས་འདི་ལོ་ཕྱི་ཟླ་ ༤ ནང་བཞུགས་སྒར་རྡ་རམ་ས་ལར་བཅར་ཏེ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་ཡོད་ཅིང་། སྐབས་དེར་ཡང་ཨིསི་ཊོ་ནི་ཡའི་ (Estonia) ནང་བཅའ་སྡོད་རྒྱ་ནག་གཞུང་ཚབ་པ་ གུའོ་ཤིའོ་མེཡེ་ (Guo Xiaomei) ཡིས་ཨིསི་ཊོ་ནི་ཡའི་ (Estonia) ཡི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ (Juku-Kalle Raid) ལགས་བོས་ཏེ་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེར་ཡོད་པའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་རྡ་རམ་ས་ལར་འཚམས་གཟིགས་སུ་ཕེབས་པའི་གནད་དོན་ཐད་གྲོས་བསྡུར་བྱ་རྒྱུའི་རེ་བ་བཏོན་ནས་རྒྱ་ནག་གཞུང་ཚབ་ཁང་དུ་འབོད་འགུགས་བྱས་པ་ཡང་བྱུང་ཡོད་པ་རེད།།
གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།