ཡོ་རོབ་མཐུན་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་བོད་ནང་གི་གནས་སྟངས་ཐད་ཐུགས་འཚབ་ཡོད་པ་གླེང་འདུག

2024.03.21
ཡོ་རོབ་མཐུན་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་བོད་ནང་གི་གནས་སྟངས་ཐད་ཐུགས་འཚབ་ཡོད་པ་གླེང་འདུག འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་ཡོ་རོབ་མཐུན་ཚོགས་ཀྱི་དར་ཆ།
AFP

ད་ལྟ་འཚོག་བཞིན་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་༥༥པའི་སྐབས། ཡོ་རོབ་མཐུན་ཚོགས་ཀྱི་ངོས་ནས་རྒྱ་ནག་གཞུང་གི་དྲག་གནོན་འོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་སྤྱི་དང་། ཡང་སྒོས་བོད་ནང་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭ་བརྒྱུད་བོད་ཕྲུག་རྣམས་ཀྱི་ལྟ་བ་བརྗེ་སྒྱུར་དང་། བོད་མིའི་ཁྲག་རྒྱུད་རིགས་རྫས་(DNA)་དཔེ་མཚོན་བསྡུ་རུབ་བྱེད་བཞིན་པ་སོགས་ལ་ཐུགས་འཚབ་བསྟན་པ་མ་ཟད། རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་ཏེ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་དང་། ཁྲིམས་རྩོད་པ། གསར་འགོད་པ། ཆེད་མཁས་པ་སོགས་ལ་དྲག་གནོན་བྱེད་བཞིན་པ་གསལ་སྟོན་གནང་ཐོག ཁྲིམས་འགལ་འཛིན་བཟུང་དང་། བཙན་གནོན། བཙན་པོས་གར་སོང་ཆ་མེད་དུ་གཏོང་བ། མི་སེར་ལ་བྱ་ར་སོ་ཉུལ་བྱེད་པ་སོགས་ལ་སྐྱོན་བརྗོད་དང་། བོད་མི་ཆབ་སྲིད་བཙོན་པ་བྱ་བྲལ་རིན་པོ་ཆེ་དང་། ཨ་ཉག་སེང་སྒྲ་ལགས། སྒོ་ཤེས་རབ་རྒྱ་མཚོ་ལགས། མགོ་ལོག་དཔལ་ལྡན་ལགས། བཀྲ་ཤིས་རྡོ་རྗེ་ལགས། ཟངས་དཀར་འཇམ་དབྱངས་ལགས། སེམས་སྐྱིད་སྒྲོལ་མ་ལགས་སོགས་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་བཙོན་གྲོལ་གཏོང་དགོས་པའི་འབོད་སྐུལ་གནང་ཡོད་འདུག
རྒྱ་ནག་གི་མི་དམངས་དྲ་བ་ཞེས་པའི་ནང་དུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་སྐབས་༥༥པའི་ཚོགས་འདུའི་རིང་། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པའི“གྲངས་ཉུང་མི་རིགས་ཀྱི་ཁེ་དབང་འགན་ལེན། ཀྲུང་གོའི་བོད་ལྗོངས་དང་ཤིན་ཅང་དུ་ལག་ལེན་བསྟར་བའི་བརྗོད་དོན་གཙོ་བོའི་འཆད་ཁྲིད་བྱས་ཡོད་ཚུལ་འཁོད་ཡོད་འདུག
གནས་ཚུལ་དེའི་སྐོར་ལ་དགེ་རྒན་ཆེན་མོ་ལྡོང་ཕྱིང་གུར་བ་རྒྱལ་ལོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ད་སྐབས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་ནང་རྒྱ་ནག་གི་དབང་འཛིན་འོག་གི་ད་ལྟའི་བོད་ནང་གི་གནས་སྟངས་ལ་དོ་སྣང་དང་རྒྱབ་སྐྱོར་བྱེད་མཁན་མང་པོ་འདུག དེ་བས་རྒྱ་ནག་གཞུང་གིས་ད་ལྟའི་བོད་ནང་གི་གནས་སྟངས་ཐད་གནས་ལུགས་མེད་ཀྱང་མུ་མཐུད་དུ་འཁྱོག་བཤད་བྱེད་བཞིན་པ་གསལ་བོ་རེད་ཟེར།
བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཐོག་ཡོ་རོབ་མཐུན་ཚོགས་ཀྱི་ངོས་ནས་བསྒྲགས་གཏམ་སྤེལ་བར་བྷེལ་ཇམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་དགའ་བསུ་དང་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད།
ད་ལྟ་ཡོ་རོབ་དུ་བཞུགས་པའི་རྒྱ་ནག་གི་སྲིད་ཇུས་ཞིབ་འཇུག་པ་སངས་རྒྱས་སྐྱབས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ཡོ་རོབ་མཐུན་ཚོགས་ཀྱིས་ད་ཐེངས་མཉམ་འབྲེལ་རྒྱལ་ཚོགས་ནང་བོད་ནང་གི་གནས་སྟངས་དང་འབྲེལ་བའི་འབོད་སྐུལ་དང་བསྒྲགས་གཏམ་སྤེལ་བ་དེ་ནི་གལ་ཆེན་པོ་རེད། དེས་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་གིས་མ་འོངས་རྒྱ་ནག་ལ་འབྲེལ་བ་བྱེད་སྐབས་རྒྱ་ནག་ལ་འཛིན་པའི་སྲིད་ཇུས་འཛིན་སྟངས་ཐད་བསམ་བློ་གཏོང་བར་ཕན་ཐོགས་ཡོང་རྒྱུ་ཡིན་པ་གསུངས་བྱུང་།
གཞན་ཡང་བསྒྲགས་གཏམ་ནང་དུ་ཡོ་རོབ་མཐུན་ཚོགས་ནས་རྒྱ་ནག་གཞུང་ངོས་ནས་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་ལ་བརྩི་སྲུང་གིས་བོད་མི་ཐེ་བའི་མི་སེར་ཚང་མའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཞུ་དགོས་པའི་སྐུལ་འདེད་གནང་བ་དང་སྦྲགས། རྒྱ་ནག་གཞུང་ནས་ཁྲིམས་ཀྱི་དབང་སྒྱུར་འོག་ཤར་སྐྱོད་དང་། རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད། དེ་དང་འབྲེལ་ཏེ་ཡུ་རོབ་མཐུན་ཚོགས་ངོས་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ལ་བྱ་ར་མུ་མཐུད་བྱ་རྒྱུའི་ནན་བརྗོད་གནང་ཡོད་འདུག


གསར་འགོད་པ། ཀེ་ཐོ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༧སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དགུང་གྲངས་ ༩༧ ཐོག་དགོངས་པ་རྫོགས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཐེ་ཝན་ནང་བོད་དོན་ཞུ་གཏུག་གི་ལས་འགུལ་འགོ་འཛུགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎