བོད་ལ་ཤིས་ཙང་(Xizang)་ཞེས་མིང་བསྒྱུར་མ་བྱས་གོང་རྒྱ་ནག་གཞུང་གིས་རྒྱལ་རབས་ལོ་རྒྱུས་ལ་ཕྱིར་མིག་ངེས་པར་དུ་བལྟ་དགོས་པ་བོད་གནས་མཁས་པས་དཔྱད་རྩོམ་སྤེལ་འདུག
དེ་ཡང་རྒྱ་གར་གྱི་(Puducherry)་ནང་བཞུགས་མཁན་བོད་གནས་མཁས་པ་སྐུ་ཞབས་(Claude Arpi)་ལགས་ཀྱིས་ཉིན་ཤས་གོང་དཔྱད་རྩོམ་ཞིག་སྤེལ་ཡོད་པ་དེའི་ནང་། རྒྱ་ནག་གཞུང་གིས་བོད་ཅེས་པའི་མིང་ཚིག་དེ་དབྱིན་ཡིག་ནང་ཤིས་ཙང་(Xizang)་ཞེས་པར་མིང་བསྒྱུར་མ་བྱས་གོང་རྒྱལ་རབས་ལོ་རྒྱུས་ལ་ཕྱི་མིག་ལྟ་རྒྱུ་གལ་ཆེན་པོ་རེད་ཅེས་འགོ་བརྗོད་ལ་བཀོད་པའི་རྩོམ་དེའི་ནང་། སྤྱིར་བཏང་རྒྱ་ནག་ནི་རྒྱལ་རབས་ལོ་རྒྱུས་གལ་ཆེན་པོ་བརྩི་མཁན་ཞིག་ཡིན་པ་མ་ཟད། རྒྱ་ནག་རང་ཉིད་ཀྱི་ལོ་རྒྱུས་ལ་སྤོབས་པ་བྱེད་འོས་པ་ཞིག་ཡིན་ལུགས་སོགས་དྲིལ་བསྒྲགས་བྱེད་བཞིན་ཡོད་པ་རེད། འོན་ཀྱང་བོད་ཀྱི་གནད་དོན་ཐོག་སླེབས་པའི་སྐབས་དྲན་ཤེས་བརྗེད་པ་ལྟ་བུའི་སྣང་ཚུལ་འདུག་ཅེས་གསུངས་ཏེ་བོད་ནི་དེ་སྔ་ཕྱི་ལོ་༡༩༥༠འི་འགོ་སྟོད་དུ་མའོ་ཙེ་ཏུང་གིས་བཙན་འཛུལ་མ་བྱས་པའི་གོང་རང་བཙན་གཙང་མའི་རྒྱལ་ཁབ་ཞིག་ཡིན་པ་ནི་ལོ་རྒྱུས་ཐོག་ནས་ཤེས་ཐུབ་ཀྱི་རེད་ལ་དེའི་དཔེ་མཚོན་དུ་ཕྱི་ལོ་༡༩༡༤ལོར་རྒྱ་གར་དང་རྒྱ་ནག བོད་གསུམ་འདྲ་མཉམ་གྱི་ཐོག་ནས་སིམ་ལའི་ཆིངས་ཡིག་བཞག་པ་སོགས་ལུང་འདྲེན་གནང་ཡོད་པ་རེད།
ད་དུང་དཔྱད་རྩོམ་ནང་། བོད་མིང་བསྒྱུར་བྱེད་དགོས་དོན་ནི་བོད་འདི་རྒྱ་ནག་ཅན་ཏུ་སྒྱུར་ཐབས་ཀྱི་སྲིད་བྱུས་ཞིག་རེད་ལ་ཉེ་ཆར་རྒྱ་ནག་གི་དཔོན་རིགས་ཞིག་རྒྱ་གར་ལ་འཚམས་གཟིགས་སུ་སླེབས་པའི་སྐབས། དེང་སང་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ནང་ཤིས་ཙང་ཟེར་བའི་ཐ་སྙད་དེའི་སྐོར་གླེང་སློང་བྱེད་ཀྱི་འདུག ཤིས་ཙང་ནི་དེ་སྔ་ནས་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཞིག་རེད་ལ་ད་ལྟའང་རེད་། དེ་འདྲ་ཡིན་དུས་འདི་ལྟ་བུའི་སྐད་ཆ་ནི་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱེད་པ་ཞིག་རེད་ཅེས་སྐྱོན་བརྗོད་བྱས་ཡོད་པའང་ལུང་འདྲེན་གནང་འདུག
གཞན་ཁོང་གིས་སྤྱིར་བཏང་རྒྱ་ནག་གཞུང་གིས་བོད་ཅེས་པའི་མིང་ཚིག་དེ་ཤིས་ཙང་ལ་བསྒྱུར་ཐབས་ཀྱི་སྲིད་བྱུས་འཛིན་པ་ཙམ་མ་ཡིན་པར་བོད་ཀྱི་ཆོས་དང་རིག་གཞུང་། མཐའ་ན་ཆོས་ཁས་མི་ལེན་མཁན་གྱི་རྒྱ་ནག་གཞུང་ནས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་དབུས་པས་བླ་སྤྲུལ་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཐོག་ལའང་ཐེ་བྱུས་ཀྱི་སྲིད་བྱུས་འཛིན་གྱི་ཡོད་རེད། འོན་ཀྱང་དེ་དག་ལམ་ལྷོང་ཡོང་གི་མེད་པ་ནི། ཉིན་ཤས་སྔོན་༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་མཆོག་ཞབས་པུས་སྨན་བཅོས་ལེགས་པར་འགྲུབ་ཏེ་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་མང་ཚོགས་ལ་མཇལ་ཁ་གནང་བའི་སྐབས་མི་མང་ཆིག་ཁྲི་བདུན་སྟོང་ཙམ་དང་། དེ་ནས་སུད་སིའི་ནང་མི་མང་ཆིག་ཁྲི་ལྔ་སྟོང་ལྷག་དགའ་དད་སྤྲོ་གསུམ་ངང་མ་སྐུལ་དང་བླངས་ཀྱིས་བཅར་ཡོད་རེད་ལ། ༧གོང་ས་མཆོག་དགུང་གྲངས་༡༡༣ ཙམ་བཞུགས་རྒྱུའི་ཐུགས་རེ་གནང་གི་ཡོད་ཅེས་གསུངས་ཡོད་རེད་། འོན་ཀྱང་དེ་ལས་བཟློག་ཏེ་བོད་ནང་དུ་རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་པན་ཆེན་རྒྱལ་མཚན་ནོར་བུ་དུས་ཚོད་དེའི་སྐབས་དང་བསྟུན་ནས་བོད་ཀྱི་ནག་ཆུ་དང་། གཞན་ཡང་ས་གནས་གཞན་ལ་ཆོས་འབྲེལ་དང་མང་ཚོགས་སར་འཁྲིད་ཡོད་ཀྱང་མི་མང་ཉུང་ཉུང་ཞིག་ལས་འཛོམས་ཀྱི་མེད་པ་སོགས། གང་ལྟར་རྒྱ་ནག་གཞུང་ནས་དངོས་ཤུགས་བརྒྱུད་གསུམ་ནས་སྲིད་ཇུས་ག་འདྲ་ཞིག་བཟུང་རུང་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནག་བསུབ་གཏོང་ཐུབ་ཐབས་མེད་པ་དང་། བཙན་ཤེད་ཀྱི་ཐོག་ནས་མང་ཚོགས་ལ་དད་གུས་བྱེད་
རྒྱུར་གནོན་ཤུགས་ཀྱང་སྤྲོད་ཐུབ་ཀྱི་མེད་པ་གསལ་པོ་རེད་ཅེས་བཀོད་དེ་བོད་ཀྱི་འདས་པའི་ལོ་རྒྱུས་དང་ད་ལྟའི་བོད་མི་ཚོས་༧གོང་ས་མཆོག་ལ་དད་པ་ཞུ་སྟངས་སོགས་ལུང་འདྲེན་བྱས་འདུག
དེའི་སྔོན་ཟླ་༨པའི་ཚེས་༢༦ཉིན་རྒྱ་ནག་གཞུང་གིས་བོད་ལ་ཡོངས་གྲགས་དབྱིན་སྐད་དུ་(Tibet)་ཞེས་འབོད་བཞིན་པའི་ཐ་སྙད་དེའི་ཚབ་ལ་རྒྱ་སྐད་ཀྱི་ཐ་སྙད་(Xizang)་ཞེས་པར་བསྒྱུར་ཐབས་བྱེད་བཞིན་པའི་གཡོ་ཇུས་ལམ་ལྷོང་ཡོང་གི་མ་རེད་ཅེས། ལྡི་ལི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་དོན་གྲུབ་རྒྱལ་པོ་ལགས་ཀྱིས་དཔྱད་རྩོམ་སྤེལ་བ་ཞིག་སྤྱི་ཚེས་༢༦ཉིན་རྒྱ་གར་གྱི་(The Tribune)་གསར་ཁང་གིས་སྤེལ་བ་དེར། རྒྱ་གར་ནང་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གི་མགྲིན་ཚབ་མ་(Yu Jing)་ཟེར་བས་སྐྱོན་བརྗོད་ལན་འདེབས་བྱས་བའི་གནས་ཚུལ་བྱུང་ཡོད།
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།