རྒྱལ་ཚོགས་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་སྙན་ཐོ་ཕུལ་འདུག

2018-04-05
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་སྐབས། ༢༠༡༨།༢
རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་སྐབས། ༢༠༡༨།༢
UNHRC

མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གྱི་སྙན་ཐོ་ཕུལ་འདུག
རྒྱ་ནག་གཞུང་གིས་བོད་ནང་འཆར་གཞི་ལྡན་པའི་སྒོ་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་ཇི་ལྟར་གཏོང་བཞིན་ཡོད་པའི་སྐོར་སུད་སི་སྐུ་ཚབ་དོན་གཅོད་ལས་ཁུངས་བརྒྱུད་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ལ་སྙན་ཐོ་འབུལ་ལམ་ཞུས་འདུག
སྙན་ཐོ་དེའི་ནང་རྒྱ་ནག་གིས་བོད་ནང་འཛུགས་བསྐྲུན་ཡར་རྒྱས་ཀྱི་ལས་གྲ་ཁག་གིས་བོད་ནང་གི་བོད་མིའི་སྤྱི་ཚོགས་དང་དཔལ་འབྱོར་རིག་གཞུང་བཅས་པར་འཆར་གཞི་ལྡན་པའི་སྒོ་ནས་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད་པའི་གནས་ལུགས་ཞིབ་ཕྲ་གསལ་འདོན་གནང་ཡོད་འདུག་ལ། ཡང་གོང་གསལ་སྙན་ཐོ་དེའི་ནང་། རྒྱ་ནག་གཞུང་ནས་བོད་ནང་ཡར་རྒྱས་ཆེན་པོ་འགྲོ་བཞིན་ཡོད་ཚུལ་སྙན་ཐོ་རིམ་པ་བཏོན་བཞིན་ཡོད་ནའང་དོན་དངོས་སུ་འཛུགས་བསྐྲུན་ཡར་རྒྱས་ཀྱི་ལས་གྲའི་ཆེད་ཞིང་འབྲོག་ས་ཁུལ་གྱི་བོད་མི་རྣམས་གྲོང་བརྡལ་དུ་བཙན་ཤེད་ཀྱིས་གནས་སྤོ་བྱེད་དུ་བཅུགས་ཏེ་སྲོལ་རྒྱུན་གྱི་ལམ་ལུགས་མེད་པ་བཟོ་བ་དང་། དཔལ་འབྱོར་ཟུར་འབུད་ཀྱིས་བོད་མི་རྣམས་ལ་ཡར་རྒྱས་ཀྱི་ཁེ་ཕན་ཐོབ་ཀྱི་མེད་པ། དེ་བཞིན་འཛུགས་བསྐྲུན་གྱི་མིང་ཐོག་ནས་བོད་མིའི་ཆོས་དད་རང་དབང་ལ་དམ་བསྒྲགས་གཏོང་བཞིན་ཡོད་པ་བཅས་ཞིབ་ཕྲ་བཀོད་ཡོད་པ་རེད།
ལྷག་པར་དུ་ད་རེས་ཀྱི་སྙན་ཐོ་འདིའི་ནང་། དེ་སྔ་༢༠༡༣ལོར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བསྐྱར་ཞིབ་ཀྱི་ཚོགས་འདུའི་ཐོག་བླ་རུང་སྒར་ནང་བསྟན་སློབ་གླིང་གཏོར་བཤིག་གི་གནད་དོན་དང་། བོད་ཀྱི་དགོན་སྡེ་ཁག་གི་འཛིན་སྐྱོང་ནང་རྒྱ་གཞུང་གི་ཐེ་ཇུས་དང་། རང་ལུས་མེར་བསྲེགས་ཀྱི་གནད་དོན་སོགས་གནད་དོན་ཁག་མང་པོ་ཞིག་དང་འབྲེལ་ཆགས་ཀྱི་དེ་དག་ལ་རྒྱ་ནག་གཞུང་ནས་ལན་འདེབས་གསལ་བཤད་བྱ་རྒྱུའི་ཁས་ལེན་བྱས་ཡོད་ཀྱང་ད་ཕན་ལན་འདེབས་གང་ཡང་བྱས་མེད་པའི་གནས་སྟངས་དྲན་གསོ་ཞུས་འདུག
བོད་ལ་འགྲོ་བ་མིའི་ཐོབ་ཐང་ཞེས་པའི་སྙན་ཐོ་འདི་བཞིན་རིང་མིན་ཕྱི་ཟླ་༡༡ནང་ཚོགས་རྒྱུའི་འགྲོ་བ་མིའི་ཐོབ་ཐང་སྐོར་ལོ་འཁོར་བསྐྱར་ཞིབ་ཀྱི་ཚོགས་འདུའི་སྔ་རོལ་དུ་ཕུལ་བ་ཞིག་ཡིན་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

མཆན། (0)
Share
དྲ་གནས་ཆ་ཚང༌།