རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་ཡོད་ཚུལ་བརྗོད་པ་ནི་དངོས་བདེན་མིན་པའི་སྐྱོན་བརྗོད།

2021-03-03
Share
རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་ཡོད་ཚུལ་བརྗོད་པ་ནི་དངོས་བདེན་མིན་པའི་སྐྱོན་བརྗོད། ལྷོ་ཁའི་གུང་དཀར་ཕྱོགས་སུ། ༡༠།༡༤།༢༠
Reuters

རྒྱ་ནག་གཞུང་གི་སྐུ་ཚབ་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ལ་བོད་ནང་འགྲོ་བ་མིའི་ཐོབ་ཐང་ཆ་ཚང་ཡོད་ཚུལ་བརྗོད་ཡོད་པ་དེ་དངོས་བདེན་མིན་པ་འགྲོ་བ་མིའི་ཐོབ་ཐང་ཉམས་ཞིབ་པས་སྐྱོན་བརྗོད་གནང་འདུག
རྒྱ་ནག་གཞུང་གི་སྐུ་ཚབ་(Jiang Duan)གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་(Michelle Bacheler)ལགས་ཤིན་ཅང་(Xinjiang)ནང་གཟིགས་སྐོར་དུ་ཕེབས་པར་རྒྱ་ནག་གཞུང་ཕྱོགས་ནས་དགའ་བསུ་ཡོད་ཀྱང་གོ་སྐབས་འདི་རྒྱ་ནག་གཞུང་ལ་ཆབ་སྲིད་ཀྱི་སྐྱོན་བརྗོད་བྱ་རྒྱུར་བེད་སྤྱོད་བྱས་ན་མ་འགྲིག་པ་དང་། བོད་དང་ཤིན་ཅང་། ཧོང་ཀོང་བཅས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བའི་གནས་ཚུལ་མེད་ཅིང་། བོད་གཙོས་པའི་གྲངས་ཉུང་མི་རིགས་ཚང་མར་འགྲོ་བ་མིའི་ཐོབ་ཐང་ཆ་ཚང་བ་ཡོད་པའི་ཐོག་འཛུགས་སྐྲུན་ལས་གཞིའི་འོག་དཔལ་འབྱོར་ཡར་རྒྱས་དང་། སྤྱི་ཚོགས་བརྟན་ལྷིང་། ཆོས་ལུགས་མཐུན་སྒྲིལ། རིག་གཞུང་དང་འཚོ་བ་ཡར་རྒྱས་ཕྱིན་ཡོད་པ་(wion)གསར་ཁང་ལ་བརྗོད་འདུག
དེའི་ཐད་སུད་སི་སྐུ་ཚབ་དོན་གཅོད་ལས་ཁང་གི་ལས་བྱེད་འཕྲིན་ལས་ཆོས་སྒྲོན་ལགས་ཀྱིས། རྒྱ་ནག་གཞུང་གི་སྐུ་ཚབ་ཀྱིས་བཤད་པ་དེ་དངོས་འབྲེལ་མིན། བོད་ནང་གི་བོད་མི་ཚོས་དུས་ད་ལྟའང་རྒྱ་ནག་གཞུང་གི་དྲག་གནོན་སྲིད་ཇུས་འོག་དཀའ་སྡུག་མྱོང་བཞིན་ཡོད་པ་བརྗོད་གནང་གི་འདུག
དེ་བཞིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཟླ་བ་ལགས་ཀྱིས་གསུང་བར་གཞིགས་ན། རྒྱ་ནག་གཞུང་གི་སྐུ་ཚབ་ཀྱིས་དེ་ལྟར་བརྗོད་པ་དེ་ནི་དངོས་ཡོད་གནས་ཚུལ་ཞིག་མིན། ད་བར་རྒྱལ་སྤྱིའི་རང་དབང་ཅན་གྱི་ཉམས་ཞིབ་པ་དང་། གསར་འགོད་པ་སོགས་ནས་བོད་ནང་གི་དངོས་ཡོད་གནས་སྟངས་རྟོག་ཞིབ་སླད་བོད་ནང་བསྐྱོད་རྒྱུར་རྒྱ་ནག་གཞུང་གིས་ཆོག་མཆན་མ་སྤྲད་པའི་གནས་ཚུང་མང་པོ་བྱུང་ཡོད་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ལྷན་ཚོགས་ཀྱི་དམིགས་བསལ་སྐུ་ཚོགས་ཚོགས་ཆུང་བོད་ནང་ཕེབས་རྒྱུར་བཀག་འགོག་བྱས་ཡོད། ༢༠༡༩ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྐུ་ཚབ་འཐུས་མི་ལྔ་བོད་ལ་ཕེབས་རྒྱུར་རེ་སྐུལ་ཞུས་ཡོད་པ་ངོས་ལེན་མ་བྱས་པ་སོགས་བྱུང་བའི་གནས་ཚུལ་དེས། གོང་གི་རྒྱ་ནག་གཞུང་གི་སྐུ་ཚབ་ཀྱིས་བརྗོད་པ་དེ་དངོས་བདེན་མིན་པ་ར་སྤྲོད་གསལ་བོ་བྱུང་བ་འགྲེལ་བརྗོད་གནང་བྱུང་།
ད་དུང་རྒྱ་ནག་གཞུང་གིས་བོད་ནང་འཛུགས་སྐྲུན་ཡར་རྒྱས་དང་། མང་ཚོགས་ཀྱི་འཚོ་གནས་ཡར་རྒྱས་ཕྱིན་ཡོད་པ་བཤད་པ་དེ་ཡང་དངོས་བདེན་མིན་པ་དང་། བོད་ནང་གི་འཛུགས་བསྐྲུན་ལས་གཞི་མང་ཆེ་བ་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་དམིགས་ཡུལ་འགྲུབ་ཆེད་མ་གཏོགས་མི་མང་གི་མངོན་འདོད་ལྟར་ལག་བསྟར་བྱེད་མེད་པ་དེས། བོད་ཀྱི་ཁོར་ཡུག་དང་གཏེར་ཁ་སྔོག་སྟོན་སོགས་ཀྱི་ལས་གཞིས་བོད་མིར་ཁེ་ལས་གྱོང་གུད་ཆེ་བ་ཕོག་བཞིན་པ་དང་། བོད་མི་ཚོ་མུ་མཐུད་དུ་རྒྱ་ནག་གཞུང་གི་དྲག་གནོན་སྲིད་བྱུས་འོག་དཀའ་ངལ་མྱོང་བཞིན་ཡོད་པ་འགྲེལ་བརྗོད་གནང་སོང་།
གལ་ཏེ། བོད་ནང་རྒྱ་ནག་གཞུང་གིས་བརྗོད་པ་ལྟར་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བའི་གནས་ཚུལ་མེད་ན། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་རང་དབང་ཅན་གྱི་གསར་འགོད་པ་དང་། ཉམས་ཞིབ་པ། ལྷག་པར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ཚོགས་ཆུང་བོད་ནང་ག་རེ་བྱས་ནས་གཏོང་གི་མེད་རེད། ཅེས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཟླ་བ་ལགས་ཀྱི་སྐྱོན་བརྗོད་གནང་གི་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།