བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཐོབ་ནས་ལོ་ངོ་༧༧འཁོར་བའི་དུས་ཆེན་སྲུང་བརྩི་གནང་འདུག

2023.08.15
བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཐོབ་ནས་ལོ་ངོ་༧༧འཁོར་བའི་དུས་ཆེན་སྲུང་བརྩི་གནང་འདུག བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཐོབ་ནས་ལོ་ངོ་༧༧འཁོར་བའི་དུས་ཆེན་སྲུང་བརྩི་གནང་སྐབས། ༠༨།༡༥།༢༠༢༣
བསྟན་འཛིན་དོན་ཡོད། RFA/Dhasa

སྤྱི་ལོ་༡༩༤༧ལོའི་སྤྱི་ཟླ་༨ཚེས་༡༥ཉིན་རྒྱ་གར་དབྱིན་ཇིའི་མི་སེར་སྤེལ་ཡུལ་རིང་ལུགས་ཀྱི་དབང་སྒྱུར་འོག་ནས་རང་བཙན་ཐོབ་སྟེ། འདི་ཚེས་༡༥ཉིན་ལོ་ངོ་༧༧འཁོར་གྱི་ཡོད་པར་བརྟེན། ཉིན་འདིར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གཙོ་བོར་གྱུར་བའི་རྒྱ་གར་རྒྱལ་ཡོངས་ཙམ་མ་ཟད། འཛམ་གླིང་གི་ཡུལ་གྲུ་འདྲ་མིན་ནང་གནས་སྡོད་བྱེད་བཞིན་པའི་རྒྱ་གར་བ་ཚོས་དུས་ཆེན་དེ་སྲུང་བརྩི་ཞུ་མུས་ཡིན་ཞིང་། བཞུགས་སྒར་རྡ་རམ་ས་ལར་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དབུ་བཞུགས་ཐོག་གཞུང་འབྲེལ་གྱི་ལམ་ནས་ཉིན་མོ་དེ་སྲུང་བརྩི་ཞུས་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས། གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་རྒྱ་གར་གཞུང་དམངས་གཉིས་ལ་འཚམས་འདྲི་ཞུས་བ་དང་ཆབས་ཅིག བོད་ཀྱི་བདེན་མཐའ་མ་སེལ་བར་དུ་བོད་མིར་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་གནང་སོང་།
འདས་པའི་ལོ་ངོ་༧༧གྱི་ནང་སྤྱི་ཚོགས་དང་དཔལ་འབྱོར། ཤེས་ཡོན། དམག་དོན་སོགས་ཀྱི་ཐོག་ཡར་རྒྱས་ཆེན་པོ་ཕྱིན་ཡོད་པ་རེད། དཔེར་ན། ༢༠༢༣-༢༠༢༤་ལོའི་རྒྱ་གར་གྱི་རྒྱལ་སྲུང་སྔོན་རྩིས་ནང་། ཧིན་སྒོར་བྱེ་བ་༦༠༠མ་ཟིན་ཙམ་གཏན་འབེབས་གནང་གི་ཡོད་པ་དེ་ནི། སྔར་ལོ་དང་བསྡུར་ན། བརྒྱ་ཆ་༡༣སྤར་འདུག་པ་མ་ཟད། སྤྱི་ལོ་༢༠༡༤ལོར་རྒྱ་གར་དེ་བཞིན་འཛམ་གླིང་ནང་དཔལ་འབྱོར་གྱི་སྟོབས་ཤུགས་ཆ་ནས་རྒྱལ་ཁབ་ཨང་རིམ་༡༠དེ་ཡིན་ནའང་། ༢༠༢༣ ལོར་ཨང་རིམ་ལྔ་པ་ཆགས་ཡོད་པ་མ་ཟད། མགྱོགས་མྱུར་ཨང་རིམ་གསུམ་པ་ཆགས་ཐུབ་པའི་ནུས་པ་ཡོད་པ་སྲིད་བློན་མོ་དྷི་མཆོག་གིས་དེ་སྔོན་གསུངས་ཡོད་པ་རེད།

india modi.png
ད་རེས་རྒྱ་གར་རང་བཙན་ཉིན་མོར་སྔར་རྒྱུན་བཞིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་(Red Ford)་ཁར་དམར་པོའི་མདུན་དུ། སྲིད་བློན་ན་རིན་དྷི་ར་མོ་དྷི་(Narendra Modi)་མཆོག་གིས། རྒྱ་གར་རང་བཙན་གྱི་ཉིན་མོ་དང་འབྲེལ་བའི་གཏམ་བཤད་སྐར་མ་༨༢རིང་གནང་བའི་སྐབས། རྒྱ་གར་རྒྱལ་ཁབ་ཀྱི་མདུན་སྐྱོད་ཀྱི་ལམ་བུ་ཞིག་ནི་བུད་མེད་ཀྱིས་གཙོ་ཁྲིད་བྱས་པའི་འཕེལ་རྒྱས་དེ་ཡིན། དེ་རིང་ང་ཚོས་སྤོབས་པ་ཆེན་པོས་ཞུ་རྒྱུ་ཞིག་ལ། ད་སྐབས་ང་ཚོའི་བུད་མེད་ཁྲོད་སྤྱི་དམངས་ཀྱི་གནམ་གྲུའི་ཁ་ལོ་བའི་གྲངས་འབོར་ཇེ་མང་དུ་འགྲོ་མུས་ཡིན་པ་མ་ཟད། བུད་མེད་ཀྱི་ཚན་རིག་པ་ཚོས་(Chandrayaan Mission)་ཞེས་ཟླ་བའི་སྟེང་ལ་འཕུར་སྐྱོད་ཀྱི་ལས་གཞི་ཐོག་ཐུགས་འགན་གཙོ་བོ་བཞེས་བཞིན་ཡོད། ལྷག་དོན་དུ་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་༢༠ཡི་ཚོགས་ཆེན་དང་འབྲེལ་བའི་རྒྱལ་ཁབ་ཚོས་ཀྱང་། བུད་མེད་ཀྱིས་སྣེ་ཁྲིད་པའི་ཡར་རྒྱས་ནི་ཧ་ཅང་གི་གལ་འགངས་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་མུས་ཡིན་ཞེས་གསུངས་འདུག
ཡང་རྒྱ་གར་གྱི་སྲིད་འཛིན་རིམ་པའི་ལོ་རྒྱུས་ཁྲོད། ད་ལྟའི་ལས་ཐོག་སྲིད་འཛིན་ལྕམ་(Droupadi Murmu)་ལགས་ནི། རྒྱ་གར་རང་བཙན་ཐོབ་པའི་རྗེས་སུ་སྐྱེས་འཚར་བྱུང་བའི་སྲིད་འཛིན་ཐོག་མ་དེ་ཡིན་པ་མ་ཟད། རྒྱ་གར་གདོད་མའི་མི་རིགས་ཤིག་གིས་རྒྱ་གར་གྱི་སྲིད་འཛིན་གྱི་ཐུགས་འགན་བཞེས་པ་ཐོག་མ་དེ་ཡང་ཆགས་ཀྱི་ཡོད་ཅིང་། ཐེངས་འདིའི་རང་བཙན་ཉིན་དང་བསྟུན། ལྕམ་(Droupadi Murmu)་ལགས་ཀྱིས། སྲིད་འཛིན་ལས་ཁུངས་ནས་དྲྭ་ལམ་བརྒྱུད་ཡོངས་ཁྱབ་ཀྱི་གསུང་བཤད་གནང་བའི་ནང་། དེ་རིང་གི་ཉིན་མོ་དེ་ནི་འདས་པའི་ལོ་རྒྱུས་ལ་ཕྱིར་བལྟས་དང་། མ་འོངས་ཡར་ཐོན་དང་འབྲེལ་བའི་མདུན་སྐྱོད་བྱེད་རྒྱུ་དེ་ཡིན་ཞིང་། དེང་སྐབས་ཀྱི་རྒྱ་གར་ལ་རྒྱུས་ལོན་ཞིག་བྱས་པ་ཡིན་ན། རྒྱ་གར་གྱི་མཚན་སྙན་འཛམ་གླིང་སྟེང་སྟེང་གྲགས་པ་ཙམ་མིན་པར། རྒྱལ་སྤྱིའི་རང་བཞིན་གྱི་ཐོག་ནས་མདུན་སྐྱོད་ཀྱི་ཡར་རྒྱས་གོང་འཕེལ་འགྲོ་མུས་ཡིན། དམིགས་བསལ་རྒྱ་གར་གྱི་ངོས་ནས་འཛམ་གླིང་ས་ཕྱོགས་གང་སར་འགྲོ་བ་མིའི་བཟང་སྤྱོད་གོང་འཕེལ་ཐོག་གཙོ་བཟུང་གནང་གི་ཡོད་པ་དང་། ས་མཚམས་དབྱེ་མེད་ཀྱི་ཐོག་ནས་འཛམ་གླིང་སྤྱིས་སེམས་ཚབ་བྱེད་དགོས་པའི་གནད་དོན་མང་པོ་ཞིག་ལ་རྒྱ་གར་གྱིས་ཞབས་འདེགས་སྒྲུབ་ཐུབ་པ་ང་ལ་ཡིད་ཆེས་ཡོད། ལྷག་དོན་རྒྱ་གར་གྱི་སྣེ་ཁྲིད་པའི་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་༢༠འི་ཚོགས་ཆེན་ཐོག་མི་མང་དང་སློབ་ཕྲུག བེུད་སོགས་ཀྱིས་ཆ་ཤས་ལེན་ཐུབ་པ་དེ་ནི་རྒྱ་གར་གྱི་ཐུན་མོང་མ་ཡིན་ཁྱད་ཆོས་ཡིན་ཞེས་གསུངས་འདུག
སྤྱི་ལོ་༢༠༢༣ ལོའི་སྤྱི་ཟླ་༣པའི་ནང་རྒྱ་གར་གྱིས་སྣེ་ཁྲིད་འོག་རྒྱལ་ས་ལྡི་ལིར་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུ་(G20)་བསྐོང་གནང་ཞིང་། རྒྱ་གར་དང་། རྒྱ་ནག དབྱིན་ཡུལ། ཨ་རི། འཇར་མན་གཙོས་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་བཅུ་དགུ་ཡི་ཕྱི་སྲིད་བློན་ཆེན་རྣམས་ཀྱིས་རྒྱལ་ཁབ་ཁག་གི་མཉམ་རུབ་ཀྱི་ཐོག་ནས་ཟས་རིགས་དང་ཚོང་དོན་ཡར་རྒྱས་གཏོང་ཐབས་སོགས་དང་འབྲེལ་བའི་གླེང་སློང་གནང་ཡོད་པ་མ་ཟད། ར་ཤེ་ཡ་དང་ཡུཀ་རེན་གྱི་དཀའ་རྙོག་སོགས་ཀྱི་ཐད་ལ་ཡང་གླེང་སློང་བྱས་ཡོད་པ་དང་། ཡང་རིང་མིན་སྤྱི་ཟླ་༩པའི་ནང་རྒྱལ་ས་ལྡི་ལིར་སྟོབས་ཆེན་རྒྱལ་ཁབ་༢༠ཡི་སྲིད་འཛིན་རྣམ་ལྷན་འཛོམས་ཐོག་ཚོགས་ཆེན་དེ་བཞིན་ཚོགས་གཏན་འཁེལ་འདུག གཞན་ཡང་ཉིན་འདིར་བཙན་བྱོལ་བོད་མི་ཚོས་རྒྱ་གར་གཞུང་མང་གཉིས་ཀྱི་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་རང་ཁྱིམ་དུ་རྒྱ་གར་གྱི་རྒྱལ་དར་སྒྲེང་འཛུགས་དང་། སྤྱི་ཚོགས་དྲ་ལམ་སྟེང་རྒྱ་གར་གྱི་གཅེན་གཅུང་རྣམས་ལ་འཚམས་འདྲི་ཞུས་པ་སོགས་ཀྱི་ལམ་ནས་སྲུང་བརྩི་གནང་བ་མཐོང་རྒྱུ་འདུག་ལ། ཐེངས་འདིར་ལ་དྭགས་ཞི་བ་ཚལ་ཕོ་བྲང་གི་མདུན་ཐང་དུ་བདེ་སྲུང་བཀའ་བློན་དབུ་བཞུགས་ཐོག་རྒྱ་གར་རང་བཙན་ཉིན་མོར་སྲུང་བརྩི་ཞུས་འདུག
ད་ལོ་རྒྱ་གར་རང་བཙན་ཐོབ་པའི་ཉིན་མོའི་བརྗོད་བྱ་གཙོ་བོ་ནི། (Nation First, Always Frist)་ཞེས་རིག་གཞུང་དང་། ཆོས་ལུགས་སྣེ་མང་འདུས་པའི་རྒྱ་གར་གྱི་མི་མང་ཚང་མས་ཆིག་སྒྲིལ་གྱིས་སྒོ་ནས་རྒྱལ་ཁབ་དང་པོར་རྩིས་ནས་བདུན་སྐྱོད་ཀྱི་གོམ་པ་མཉམ་སྤོས་བྱེད་རྒྱུ་དེ་ཡིན་འདུག


གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཀརྨ་ཚེ་བརྟན་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་གཙོའི་ལས་ཚབ་ཏུ་བསྐོ་གཞག་བྱས་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་མི་རྣམས་ནས་གོ་སྐབས་ནམ་བྱུང་ལ་བོད་དོན་དྲིལ་བསྒྲགས་གནང་གལ་ཆེ་བ་ཡིན་ཞེས། སྲིད་སྐྱོང་མཆོག་གིས་མོན་གྷོ་འདོད་རྒུ་གླིང་གི་མི་མང་་ལ་གསུངས་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎