རྒྱ་ནག་གི་ངལ་རྩོལ་སྤོ་སྒྱུར་གྱི་སྲིད་ཇུས་འོག་བོད་ནང་གི་གཞི་རིམ་མི་མང་གཏེར་ཁ་སྔོག་འདོན་སོགས་ཀྱི་ལས་ཀར་སྐུལ་བཞིན་འདུག
རྒྱ་ནག་གཞུང་གིས་གྲོང་གསེབ་ཀྱི་ངལ་རྩོལ་སྤོ་སྒྱུར་དང་འབྲེལ་བའི་སྲིད་ཇུས་འོག་བོད་ནང་གི་གཏེར་ཁ་སྔོག་འདོན་ལ་དོ་དམ་ཤུགས་ཆེ་རུ་གཏོང་བཞིན་ཡོད་འདུག
དེ་ཡང་(Human Rights Foundation)་ཞེས་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནང་དུ་རྟེན་གཞི་བྱས་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པས་འདི་ཚེས་༢༢ཉིན་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་། རྒྱ་ནག་གཞུང་གིས་ངལ་རྩོལ་སྤོ་སྒྱུར་དང་འབྲེལ་བའི་སྲིད་ཇུས་ནང་མི་སྒེར་པ་འབྲོག་པའི་ཕྱུགས་རྫི་ལྟ་བུའི་ལས་རིགས་ནས་གཏེར་ཁ་སྔོག་འདོན་དང་། རྫས་ཁམས་རིག་པ་ལྟ་བུའི་བཟོ་ལས་གཞན་ལ་སྤོ་སྒྱུར་བྱེད་དུ་བཅུག་གི་ཡོད་པ་དང་། རྒྱ་ནག་གཞུང་གི་སྲིད་ཇུས་དེའི་འོག་བོད་ནང་གི་འབྲོག་པ་སོགས་གཞི་རིམ་གྱི་ལས་ཀ་གཏེར་ཁ་སྔོག་འདོན་དང་བཟོ་ལས་གཞན་པའི་ལས་ཀ་བྱེད་དུ་འཇུག་གི་ཡོད་པ་གསལ་སྟོན་གངན་འདུག
ངལ་རྩོལ་སྤོ་སྒྱུར་གྱི་སྲིད་ཇུས་འདི་ཕྱི་གསལ་ནང་གསལ་མེད་པ་དང་། རྒྱ་ནག་གཞུང་གིས་དེ་ནི་ངལ་རྩོལ་སྤོ་སྒྱུར་བརྒྱུད་ནས་དབུལ་ཕོངས་མེད་པ་བཟོ་རྒྱུའི་སྲིད་ཇུས་དང་མཐུན་པ་ཞིག་ཡིན་ཚུལ་བཤད་བཞིན་པ་རེད། ཡིན་ན་ཡང་སྲིད་ཇུས་འདིེས་གྲོང་གསེབ་ཀྱི་ངལ་རྩོལ་བ་ལྷག་མ་སྤྱི་དང་། དམིགས་བསལ་ཞིང་པ་དང་འབྲོག་པ་ཚོ་ལས་ཀར་སྐུལ་ཀྱི་ཡོད་འདུག་ལ། རྒྱ་ནག་གཞུང་གི་ལས་བྱེད་པ་མི་ཚང་མི་རེ་ངོ་རེའི་ནང་དུ་ཕྱིན་ནས་ཁེ་གཉེར་ལས་ཁང་མང་པོའི་ནང་ལས་ཀའི་གོ་སྐབས་སྤྲོད་རྒྱུའི་ཐོ་འགོད་བྱེད་ཀྱི་ཡོད་འདུག དེའི་ཐོག་ས་གནས་ཁ་ཤས་ནང་ལས་རིགས་སྦྱོང་བརྡར་ནང་མཉམ་ཞུགས་བྱ་ཆེད་མི་འགྲོ་འདེམས་སྒྲུག་བྱས་ནས་བོད་དེ་བཟོ་ལས་ཅན་དུ་བསྒྱུར་བའི་ལས་དོན་གྱི་ཆ་ཤས་སུ་འཛུགས་བསྐྲུན་ལས་ཀ་དང་གཏེར་ལས་ཀྱི་ལས་མིའི་གྲ་སྒྲིག་བྱ་བཞིན་པ་ཡིན་འདུག
མི་ལོ་བཅུ་ཕྲག་ཁ་ཤས་ནས་བཟུང་། རྒྱ་ནག་གཞུང་གིས་དཔལ་འབྱོར་ཡར་རྒྱས་ཀྱི་མིང་ཐོག་གྲངས་ཉུང་མི་རིགས་ཁག་ལ་བཤུ་གཞོག་གཏོང་བཞིན་པ་དང་། རྒྱ་ནག་གིས་རིན་གོང་དམའ་བའི་ཚོང་ཟོག་ཁྱོན་ཆེ་ཐོན་སྐྱེད་དང་། རྒྱལ་སྤྱིའི་ནང་ཕྱི་ཚོང་བྱ་ཆེད་རིན་གོང་དམའ་བའི་ངལ་རྩོལ་ནུས་ཤུགས་བརྟན་པོ་བཟོ་ཆེད་ངལ་རྩོལ་སྤོ་སྒྱུར་ཀྱི་སྲིད་ཇུས་དེ་འཛིན་ཀྱི་ཡོད་པ་ནི་གསལ་པོ་ཡིན་པ་སྙན་ཐོའི་ནང་ཐེར་འདོན་བྱས་འདུག
གསར་འགོད་པ། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།