བོད་དར་རྩེ་མདོ་རུ་འདམ་རུད་རྐྱེན་གྱིས་ཟམ་པ་དང་ཁང་པར་གཏོར་སྐྱོན་གྱིས་མི་ ༡༠ རྐྱེན་འདས་དང་མི་ ༡༧ གར་སོང་ཆ་མེད་དུ་གྱུར་འདུག་ཅིང་། ཤི་རྨས་ཀྱི་གྲངས་འབོར་ད་དུང་འཕར་ཉེན་ཡོད་འདུག

2024.08.05
Updated: 2024/08/06 8.52 a.m. EST
བོད་དར་རྩེ་མདོ་རུ་འདམ་རུད་རྐྱེན་གྱིས་ཟམ་པ་དང་ཁང་པར་གཏོར་སྐྱོན་གྱིས་མི་ ༡༠ རྐྱེན་འདས་དང་མི་ ༡༧ གར་སོང་ཆ་མེད་དུ་གྱུར་འདུག་ཅིང་།  ཤི་རྨས་ཀྱི་གྲངས་འབོར་ད་དུང་འཕར་ཉེན་ཡོད་འདུག དར་རྩེ་མདོ་རུ་འདམ་རུད་རྐྱེན་གྱིས་ཟམ་པ་དང་སྡོད་ཁང་གཏོར་བཤིག་ཕྱིན་པའི་རྣམ་པ། ༢༠༢༤།༠༨།༠༤
མི་སེར་གྱི་པར་རིས།

ཕྱི་ལོ་ ༢༠༢༤ ཟླ་ ༨ ཚེས་ ༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༣ སྐར་མ་ ༣༠ ཙམ་ལ་བོད་ནང་གི་དཀར་མཛེས་ཁུལ་དར་མདོ་གྲོང་ཁྱེར་སྒོ་ལྕགས་གྲོང་ཚོ་དང་གུ་བྲག་གྲོང་ཚོའི་ཉེ་འགྲམ་དུ། ཆར་ཞོད་རྐྱེན་གྱིས་གློ་བུར་ཆུ་ལོག་དང་འདམ་རུད་ཀྱི་གོད་ཆགས་བྱུང་སྟེ། གཡག་རྔ་ནས་དར་མདོའི་བར་གྱི་ཕུག་ལམ་གཉིས་ཀྱི་མཐུད་འབྲེལ་ཟམ་པ་རྡིབ་སྐྱོན་བྱུང་པ་དང་། ཉེ་འཁོར་གྱི་ཁང་པ་སོགས་ལ་གཏོར་བཤིག་ཤུགས་ཆེན་ཐེབས་ཡོད་པ་རེད། རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་སྤེལ་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རེས་གཟའ་ཟླ་བའི་ཕྱེད་ཡོལ་ཆུ་ཚོད་ ༢ པའི་བར་ཤེས་རྟོགས་བྱུང་བར་མི་གྲངས་ ༡༠ རྐྱེན་འདས་སུ་གྱུར་པ་དང་།  མི་གྲངས་ ༡༧ གར་སོང་ཆ་མེད་དུ་གྱུར་ཡོད་པ་བསྒྲགས་འདུག  དེ་བཞིན་འབྱུང་བའི་གནོད་འཚེ་བྱུང་ས་གཙོ་བོ་སྒོ་ལྕགས་གྲོང་རྡལ་གྱི་རི་སྟེང་གྲོང་ཚོ་ཡིན་ཞིང་། གྲོང་ཚོ་དེ་གཅིག་པུའི་ནང་མི་གྲངས་ ༡༠ ལྷག་རྐྱེན་འདས་སུ་ཕྱིན་ཡོད་པ། རང་གི་བདེ་འཇགས་ཆེད་མིང་བརྗོད་འདོད་མེད་པའི་བོད་མི་ཁག་ཅིག་གིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་ཆུ་ལོག་དང་འདམ་རུད་ཀྱི་དོན་རྐྱེན་ཁྲོད་ཕུག་ལམ་གྱི་ཟམ་པ་རྡིབ་ནས། རླངས་འཁོར་ ༤ ཟམ་འོག་ཏུ་ཤོར་བ་དང་།  མི་གཅིག་གི་སྲོག་སྐྱོབ་ཐུབ་ཡོད་ནའང་། མི་གཉིས་རྐྱེན་འདས་སུ་ཕྱིན་ཡོད་པ། མི་གྲངས་ ༨ གར་སོང་ཆ་མེད་དུ་ཕྱིན་པ། ཟམ་པའི་ཉེ་འགྲམ་གྲོང་ཚོའི་ནང་མི་གྲངས་ ༦ རྐྱེན་འདས་ཕྱིན་པ།  ད་དུང་མི་མང་པོ་ཞིག་གར་སོང་ཆ་མེད་དུ་སོང་པ་བཀོད་འདུག་ན་ཡང་། འབྲེལ་ཡོད་གནས་ཚུལ་འགྲེལ་བརྗོད་པས་ད་ལྟའི་ཆར་ཟམ་པ་དང་ཁང་པ་གཏོར་སྐྱོན་གྱི་གནས་ཚུལ་ཤུགས་ཆེན་པོ་བྱུང་ཡོད་པ་དང་།  མི་མང་པོ་གར་སོང་ཆ་མེད་དུ་ཕྱིན་པ་བརྗོད་ཀྱི་འདུག་ཀྱང་།  འབྱུང་བའི་གོད་ཆགས་བྱུང་ནས་ཉིན་གྲངས་གཉིས་ལྷག་འགྲོ་བཞིན་ཡོད་ན་ཡང་ས་འོག་ཏུ་ཤོར་བ་ཚོ་ལེན་མ་ཐུབ་པར་ལུས་ཡོད་པ་དང་། མི་སྣ་འདས་གྲོངས་ཕྱིན་པའི་གྲངས་འབོར་ད་དུང་འཕར་བཞིན་ཡོད་སྐོར་བློ་ཕམ་དང་བཅས་བརྗོད་བྱུང་། 

རྒྱ་ནག་གཞུང་འབྲེལ་ཁམས་པའི་དྲ་རྒྱའི་སྟེང་གནས་ཚུལ་སྤེལ་བའི་ནང་། རྒྱ་ནག་གཞུང་ངོས་ནས་དོན་རྐྱེན་བྱུང་ཡུལ་ས་གནས་སུ་སི་ཁྲོན་མེ་སྐྱོན་མྱུར་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་མི་གྲངས་ ༢༦༨ དང་རླངས་འཁོར་ ༦༥ དེ་བཞིན་རྒྱ་ནག་ཨན་ནེང་གི་མི་ ༥༥ དང་སྒྲིག་ཆས་ ༣༥ ས་གནས་དེ་ལ་རོགས་སྐྱོབ་བྱེད་པར་མངགས་གཏོང་བྱས་ཡོད་སྐོར་བཀོད་འདུག་ཅིང་།  སི་ཁྲོན་ཞིང་ཆེན་ཟེར་བའི་མྱུར་སྐྱོབ་ལས་ཁུངས་ཀྱི་འགན་འཛིན་ཟེར་བ་ཞིག་གིས། མི་གྲངས་གང་མགྱོགས་ཞིབ་བཤེར་བྱས་ཏེ་འབྲེལ་བ་ཆད་ཏེ་གར་སོང་ཆ་མེད་དུ་གྱུར་བའི་མི་སྣ་དེ་དག་ནུས་ཤུགས་གང་ཡོད་བསྒྲིལ་ཏེ་འཚོལ་སྐྱོབ་བྱེད་པ་དང་། ཚན་རིག་དང་མཐུན་ལ་ལས་ཆོད་ཆེ་བའི་སྒོ་ནས་རོགས་སྐྱོབ་དང་། ས་གནས་དེའི་གནས་ཚུལ་ཤེས་རྟོགས་བྱས་ནས་རོགས་སྐྱོབ་ཐག་གཅོད་ལས་དོན་ལ་མཛུབ་ཁྲིད་དགོས་སྐོར་སོགས་བརྗོད་འདུག

རྒྱ་ནག་གིས་སི་ཁྲོན་ཞིང་ཆེན་ཁོངས་གཏོགས་སུ་དབྱེས་བའི་བོད་ཤར་ལྷོའི་བརྒྱུད་དུ་ཡོད་པའི་རྒྱལ་རོང་ས་ཁུལ་དང་དར་རྩེ་མདོ་སོགས་ནི་རི་ཁུལ་དང་གཡང་གཟར་གྱི་གནས་སུ་ཡོད་སྟབས། ལོ་ལྟར་ས་ཡོམ་དང་ཆུ་ལོག་གི་གནོད་སྐྱོན་མང་དག་ཅིག་བྱུང་ཡོད་ལ། ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༡༠ ཉིན་འབར་ཁམས་མཚོ་བདུན་ཕྱོགས་སུ་ས་འགུལ་ཚད་གཞི་རིམ་པ་ ༦ ཅན་ཞིག་བྱུང་སྟེ། ས་གནས་ཡུལ་མིའི་སྡོད་ཁང་དང་དགོན་པ་ཁག་ལ་གཏོར་བཤིག་ཚབས་ཆེན་ཐེབས་ཡོད་པ་དང་། གཞན་ཡང་ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༢༠ ཉིན་བོད་གཡག་རྔ་ཁུལ་དུ་ས་ཡོམ་ཚད་གཞི་རིམ་པ་ ༧.༠ བྱུང་ནས་མི་གྲངས་ ༡༩༦ རྐྱེན་འདས་སུ་བཏང་པ་དང་། མི་གྲངས་ ༡༡༤༧༠ ལ་རྨས་སྐྱོན་བྱུང་པ་དང་། ཡང་ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༨ ཉིན་གཟི་ཚ་སྡེ་དགུ་ཁུལ་དུ་ཚད་རིམ ༧.༠ ཅན་གྱི་ས་ཡོམ་བརྒྱབ་སྟེ་མི་གྲངས ༢༤ རྐྱེན་འདས་དང་། མི་གྲངས་ ༤༩༣ ལ་རྨས་སྐྱོན་ཕོག་པའི་གནས་ཚུལ་བྱུང་ཡོད་པ་རེད།།

གསར་འགོད་པ། བདེ་ཆེན་དབང་མོ།  

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།  བསྟན་འཛིན་པདྨ།
དྲྭ་ཐོག་རྩོམ་སྒྲིག་པ།  བཀྲིས་དབང་ཕྱུག

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་མི་ནེ་སོ་ཊ་མངའ་སྡེའི་ནང་བོད་པའི་གྲོང་ཚོ་གསར་རྒྱག་གི་ལས་འཆར་དངོས་སུ་འགོ་བཙུགས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱལ་མཚན་ནོར་བུ་བསྐྱར་དུ་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོར་བསྐོ་གཞག་བྱས་བ་ནི་རྒྱ་ནག་གི་ཆབ་སྲིད་ཀྱི་ལག་ཆའི་ཆེད་ཡིན་པ་ཉམས་ཞིབ་པས་ངོས་འཛིན་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎