ཡོ་རོབ་ནང་བོད་དོན་ཞུ་གཏུག་ཉིན་མོ་ཞེས་དམིགས་བསལ་ཚོགས་འདུ་ཞིག་སྐོང་ནས་བོད་དོན་གླེང་འདུག

2021-04-21
Share
ཡོ་རོབ་ནང་བོད་དོན་ཞུ་གཏུག་ཉིན་མོ་ཞེས་དམིགས་བསལ་ཚོགས་འདུ་ཞིག་སྐོང་ནས་བོད་དོན་གླེང་འདུག ཡོ་རོབ་ནང་བོད་དོན་ཞུ་གཏུག་ཉིན་མོ་ཞེས་དམིགས་བསལ་ཚོགས་འདུ་ཞིག་སྐོང་སྐབས། ༤།༡༩།༢༡
དྲ་བཤུས།/ICT

ཡོ་རོབ་ནང་དྲྭ་ལམ་བརྒྱུད་བོད་དོན་ཞུ་གཏུག་ཉིན་མོ་ཞེས་དམིགས་བསལ་ཚོགས་འདུ་ཞིག་སྐོང་ནས་བོད་དོན་གླེང་ཞོར་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཚོར་བོད་དོན་རྒྱབ་སྐྱོར་སྔར་ལྷག་གནང་དགོས་པའི་འབོད་སྐུལ་གནང་འདུག
ཕྱི་ཟླ་༤པའི་ཚེས་༡༩ཉིན། ཡོ་རོབ་ནང་གི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་། ཡོ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གཉིས་ཟུང་འབྲེལ་གྱི་གོ་སྒྲིག་འོག བོད་དོན་ཞུ་གཏུག་གི་ཉིན་མོ་ཞེས་དམིགས་བསལ་དྲ་ལམ་བརྒྱུད་ཚོགས་འདུ་ཞིག་ཚོགས་ཡོད་པ་དང་། སྐབས་དེར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་ཡོ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་དང་ལྷན་དུ། ཡོ་རོབ་ཀྱི་རྒྱལ་ཁབ་ཁག་དྲུག་ནས་བོད་མི་དྲུག་མཉམ་ཞུགས་གནང་སྟེ་བོད་དང་འབྲེལ་བའི་བརྗོད་གཞི་འདྲ་མིན་ཐོག་གཏམ་བཤད་གནང་བ་དང་། ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཚོར་བོད་དོན་རྒྱབ་སྐྱོར་སྔར་ལྷག་གནང་དགོས་པའི་འབོད་སྐུལ་གནང་ཡོད་འདུག
མཉམ་ཞུགས་པ་སུ་ཝེ་ཌན(Sweden)ནས་ཡིན་པ་ཡེ་ཤེས་དཔལ་ལྡན་ལགས་ཀྱིས། བོད་ནང་གི་བོད་མི་ཚོར་ཆོས་དད་རང་དབང་མེད་པ་དང་། རྒྱ་ནག་གཞུང་གིས་འབྲོག་པ་རྣམས་ལ་སྲོལ་རྒྱུན་གྱི་འཚོ་བ་སྐྱེལ་དུ་མ་བཅུག་པར་བོད་མིའི་ངོ་བོ་རྩ་བརླག་ཏུ་གཏོང་བཞིན་ཡོད་པར་བརྟེན་ནས་ཨུ་ཐུག་ཐབས་ཟད་ཀྱིས་རང་སྲོག་བློས་བཏང་གནང་བའི་གནས་ཚུལ་ཡོད་པ་སོགས་ཀྱི་གནས་སྟངས་ངོ་སྤྲོད་བྱས་འདུག
ཧྥ་རན་སུ་(France)ནས་ཡིན་པའི་སྐལ་བཟང་ལགས་ཀྱིས། ཆོས་ལུགས་རང་དབང་དང་། ༧གོང་ས་མཆོག་གི་མ་འོངས་ཡང་སྲིད་ཀྱི་གལ་གནད་སྐོར་གཏམ་བཤད་གནང་ཡོད་འདུག
ད་དུང་(Netherlands)ནས་ཡིན་པའི་རིན་ཆེན་སྒྲོལ་མ་ལགས་ཀྱིས། བོད་ནང་དུ་འགྲོ་བསྐྱོད་རང་དབང་ཐད་ཀྱི་ཕར་འགྲོ་ཚུར་འོང་གི་གནད་དོན་དང་། དབུས་བོད་མིའི་སྒྲིག་འཛུགས་ངོས་འཛིན་ཞུ་དགོས་པའི་སྐོར་ངོ་སྤྲོད་གཏམ་བཤད་གནང་འདུག
སྦེལ་ཇམ་(Belgium)ནས་ཡིན་པའི་བློ་བཟང་དབང་པོ་ལགས་ཀྱིས། ཤེས་ཡོན་དང་བོད་ཀྱི་སྐད་ཡིག་གི་གལ་གནད་སྐོར་དང་། ཨརེ་ལནཊི་(Ireland)ནས་ཡིན་པའི་བསྟན་འཛིན་ཟླ་མཛེས་ལགས་ཀྱིས། བོད་ས་མཐོའི་གལ་གནད་དང་ཁོར་ཡུག་སྲུང་སྐྱོབ་སྐོར། པོ་ལན་ཊི(Poland)ནས་ཡིན་པའི་བསྟན་འཛིན་མཁྱེན་བརྩེ་ལགས་ཀྱིས་ཡོ་རོབ་ནང་དུ་རྒྱ་ནག་གི་ཤུགས་རྐྱེན་ཡོང་བཞིན་པའི་སྐོར་བཅས་རིམ་པས་གཏམ་བཤད་གནང་ཡོད་པ་རེད།
གཞན་ཡང་སྦེལ་ཇམ་(Belgium)བོད་ཀྱི་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་སྲིད་ཇུས་དང་། བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་ལས་འགན། དབུ་མའི་ལམ་གྱི་སྲིད་ཇུས་བཅས་ཀྱི་སྐོར་ལ་ངོ་སྤྲོད་གཏམ་བཤད་གནང་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།