བོད་མིའི་སྒྲིག་འཛུགས་ཀྱིས་བོད་ནང་རང་ལུས་མེར་བསྲེགས་གནང་མཁན་ཚོའི་རྗེས་དྲན་དང་འབྲེལ་བའི་དྲིལ་བསྒྲགས་འགྲེམ་སྟོན་ཞིག་གནང་པའི་སྐབས། སྤྱི་འཐུས་ཚོགས་གཞོན་གྱིས་རྒྱ་ནག་གཞུང་གིས་བོད་མི་སྐུ་ལུས་མེར་མཆོད་ཕུལ་མཁན་ཚོའི་མངོན་འདོད་ཡོངས་སུ་རྩིས་མེད་བཏང་ཡོད་པ་གསུངས་ཡོད།

2024.02.27
བོད་མིའི་སྒྲིག་འཛུགས་ཀྱིས་བོད་ནང་རང་ལུས་མེར་བསྲེགས་གནང་མཁན་ཚོའི་རྗེས་དྲན་དང་འབྲེལ་བའི་དྲིལ་བསྒྲགས་འགྲེམ་སྟོན་ཞིག་གནང་པའི་སྐབས། སྤྱི་འཐུས་ཚོགས་གཞོན་གྱིས་རྒྱ་ནག་གཞུང་གིས་བོད་མི་སྐུ་ལུས་མེར་མཆོད་ཕུལ་མཁན་ཚོའི་མངོན་འདོད་ཡོངས་སུ་རྩིས་མེད་བཏང་ཡོད་པ་གསུངས་ཡོད། རང་ལུས་མེར་སྲེག་བཏང་མཁན་རྣམས་ཀྱི་པར་རིས།
RFA/Tenzin Lekmon

བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་འགྲེམས་སྟོན་ཚན་པ་ནས་གོ་སྒྲིག་གནང་སྟེ་བོད་ནང་རང་ལུས་མེར་བསྲེགས་དང་འབྲེལ་བའི་བསྐོར་བསྐྱོད་འགྲེམས་སྟོན་ཞིག སྤྱི་ཟླ་ ༢ པའི་ཚེས་ ༢༧ ནས་སྤྱི་ཟླ་ ༣ པའི་ཚེས་ ༨ བར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གནང་གི་ཡོད་ཅིང་། བོད་ཀྱི་འགྲེམས་སྟོན་ཚན་པའི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་ནས། འགྲེམས་སྟོན་འདི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ཙམ་དུ་མ་ཟད། གངས་སྐྱིད་ཀྱི་དུས་ཐུང་འགྲེམས་སྟོན་གནང་སར་ཡང་ཟླ་བ་གཉིས་ལྷག་རིང་འགྲེམས་སྟོན་གནང་འཆར་ཡོད་པ་དང་། སྤྱི་ལོ་ ༢༠༠༩ ལོའི་ཟླ་ ༢ པའི་ཚེས་ ༢༧ ཉིན་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་བཀྲ་བྷེ་ལགས་ནས་རང་ལུས་མེར་བསྲེགས་ཀྱིས་ལུས་འགུལ་དེ་མགོ་བཙུགས་ཡོད་པས། དེ་ནས་ད་བར་ལོ་བཅོ་ལྔ་འཁོར་བ་སྲུང་བརྩི་དང་ཆབས་ཅིག་དུས་ཡུན་དེའི་རིང་རང་བསྲེགས་འབྱུང་དོན་དང་གནས་བབ་ངོ་སྤྲོད་འབོད་སྐུལ་གྱི་ཆེད་འགྲེམས་སྟོན་འདི་གནང་གི་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་གྲངས་ཐོ་ ༡༥༧ གྱི་ནང་ནས་ ༡༣༦ འདས་གྲོངས་སུ་སོང་བ་དང་། ལྷག་མ་རྣམས་གར་སོང་ཆ་མེད་དུ་གྱུར་པ་དང་ཁོང་ཚོའི་འབོད་སྒྲ་ཚིག་གཉིས་ནི། ༸གོང་ས་མཆོག་བོད་ནང་གདན་འདྲེན་ཞུ་དགོས་པ་དང་བོད་ནང་གཞི་རྩའི་རང་དབང་མེད་པ་བཅས་ཡིན་པ་ངོ་སྤྲོད་གནང་གི་འདུག

བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས་ནས་འགྲེམས་སྟོན་དབུ་འབྱེད་གནང་སྐབས། ཁོང་གིས་ཤེས་རྟོགས་ཡོད་པ་བོད་ནང་བོད་མི་ ༡༥༧ ནས་སྐུ་ལུས་མེ་མཆོད་ཕུལ་དོན་ཐད་རྒྱ་ནག་གི་མགོ་ཁྲིད་ཚོས་དྲི་བ་ཙམ་ཡང་མི་གཏོང་བར། ནོར་འཁྲུལ་གྱི་སྲིད་ཇུས་བཟུང་སྟེ་དམ་དྲག་ཆེ་རུ་གཏོང་གི་ཡོད་པས། སྐུ་ལུས་མེ་མཆོད་ཕུལ་ན་དགེ་མཚན་ཡོད་མེད་ཐད་བོད་ནང་གི་བོད་མི་ཚོས་ངེས་པར་དགོངས་པ་བཞེས་དགོས་འདུག་ཅེས་གསལ་སྟོན་གནང་གི་འདུག

ཡང་ཁོང་གིས་དམངས་གཙོ་དང་རང་དབང་གི་རྒྱལ་ཁབ་དེ་འདྲའི་ནང་དུའང་རང་ལུས་མེར་བསྲེགས་ཡོང་གི་ཡོད་ནའང་། ཁྱད་པར་ནི་རང་དབང་རྒྱལ་ཁབ་ཁག་གི་ནང་རང་ལུས་མེར་བསྲེགས་མིན་པའི་ཐོག་ནས་ཞུ་འབོད་ཀྱི་གོ་སྐབས་ཤིག་ཡོད་པ་དང་། བོད་ལ་ཆ་བཞག་ན་སྲིད་ཇུས་ཇི་ཙམ་ནོར་འཁྲུལ་ཡོད་ཀྱང་ཞུ་འབོད་དང་གསལ་བཤད་བྱེད་ས་མེད་པས། སོ་སོའི་སྐུ་ལུས་མེར་བསྲེག་གིས་འཛམ་གླིང་གིས་མཁྱེན་རྟོགས་ཡོད་པ་བཟོ་དགོས་པ་དེ་ཨ་ཆད་འུ་ཐུག་གི་གནས་སྟངས་ཤིག་དང་། གཞན་ལ་འཁོན་འཛིན་མེད་པའི་འཚེ་མེད་ཞི་བའི་ཐབས་ལམ་ཞིག་ཀྱང་ཆགས་ཡོད་པ་འགྲེལ་བརྗོད་གནང་གི་འདུག

ཉེ་ཆར་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བའི་ནང་། བོད་ནང་སྤྱི་ལོ་ ༢༠༡༡ ལོར་རང་ལུས་མེར་བསྲེགས་གནང་མཁན་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་དཀོན་མཆོག་དང་བློ་བཟང་བསྐལ་བཟང་ལགས་རྣམ་གཉིས། རྒྱ་ནག་གཞུང་གིས་ལོ་བདུན་རེར་བཙོན་ཁང་དུ་བཅུག་སྟེ་སྤྱི་ལོ་ ༢༠༡༧ ལོར་གློད་གྲོལ་བཏང་ཡོད་ནའང་། པར་གྱི་ངོས་སུ་བལྟས་ན་སྐུ་ལུས་ལ་རྨ་ཤུལ་ཧ་ཅང་ཚབས་ཆེན་ཡོད་པ་དང་། གཟུགས་པོའི་འཕྲོད་བསྟེན་གྱི་གནས་སྟངས་གསལ་ཆ་མེད་ནའང་། ཁོང་གཉིས་མུ་མཐུད་དུ་རྔ་བ་ཀིརྟིའི་དགོན་ཆེན་དུ་སློབ་གཉེར་གནང་བཞིན་བཞུགས་ཡོད་པ་རེད།

གསར་འགོད་པ། བློ་བྷེ།     
རྩོམ་སྒྲིག་པ།  ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
མགོན་པོ་སྐྱིད་ལགས་ཀྱིས་མུ་མཐུད་དུ་ཞུ་འབོད་ལས་འགུལ་སྤེལ་སྐབས་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་གིས་གཅར་རྡུང་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎