བལ་ཡུལ་གྱི་སྲིད་བློན་གཞོན་པས་ལྷ་ས་ནས་བོད་རང་སྐྱོངས་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་དང་གྲོས་མོལ་གནང་འདུག

2024.04.01
བལ་ཡུལ་གྱི་སྲིད་བློན་གཞོན་པས་ལྷ་ས་ནས་བོད་རང་སྐྱོངས་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་དང་གྲོས་མོལ་གནང་འདུག བལ་ཡུལ་གྱི་སྲིད་བློན་གཞོན་པ་དང་ཕྱི་སྲིད་བློན་ཆེན་གཅིག་ལྕོགས་(Narayan Kaji Shrestha)་ལགས་ལྷ་སར། ༠༣།༢༩།༢༠༢༤
@MofaNepal

བལ་ཡུལ་གྱི་སྲིད་བློན་གཞོན་པ་དང་ཕྱི་སྲིད་བློན་ཆེན་གཅིག་ལྕོགས་(Narayan Kaji Shrestha)་རྒྱ་ནག་དུ་ཉིན་གྲངས་དགུའི་རིང་གི་གཟིགས་སྐོར་དུ་ཕེབས་བཞིན་པའི་ཁྲོད་ཐོག་མར་རེས་གཟའ་པ་སངས་ཉིན་བོད་ཀྱི་རྒྱལ་ས་ལྷ་སར་འབྱོར་ཡོད་པ་དང། ཕྱི་ཟླ་༣པའི་ཚེས་༢༩ཉིན་བོད་ཀྱི་རྒྱལ་ས་ལྷ་ས་རུ་བོད་རང་སྐྱོངས་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་(Wang Junzheng)་དང་མཇལ་འཕྲད་ཀྱིས་ཚོང་དོན་འབྲེལ་ལམ་སོགས་ཀྱི་སྐོར་ལ་གྲོས་མོལ་བྱས་ཡོད་པ་དང་། བལ་ཡུལ་གྱི་སྐུ་ཚབ་ཚོགས་པར་གསོལ་སྟོན་ཞིག་ཀྱང་གོ་སྒྲིག་བྱས་ཡོད་འདུག
ཁོང་རྣམ་གཉིས་བར་ཕྱོགས་ཕན་ཚུན་གྱི་ཚོང་འབྲེལ་གོང་འཕེལ་གཏོང་རྒྱུ་དང་། མི་མང་གི་འགྲུལ་བཞུད་སྟབས་བདེ་རུ་གཏོང་ཆེད་བོད་དང་བལ་ཡུལ་བར་སྔར་ནས་ཡོད་བཞིན་པའི་ས་མཚམས་ཀྱི་ས་ཚིགས་དེ་ཚོ་སླར་ཡང་སྒོ་འབྱེད་དགོས་པའི་སྐོར་གྲོས་མོལ་གནང་ཡོད་པ་དང་། དེ་བཞིན་བལ་ཡུལ་གྱི་སྲིད་བློན་གཞོན་པས་གཟན་ཆས་དང་སྐམ་ཤ་བཙོས་མ། སྨན་རྩ་སོགས་བལ་ཡུལ་དུ་ཕྱིར་འདྲེན་དགོས་རྒྱུ་སོགས་ཕྱོགས་གཉིས་ཀྱི་འབྲེལ་ལམ་སྔར་བས་སྲ་བརྟན་ཡོང་ཆེད་གཞི་རྩའི་འཛུགས་སྐྲུན་དང་། གློག་སྐུད་འབྲེལ་མཐུད་ཡར་རྒྱས་གཏོང་རྒྱུ་སོགས་ཀྱི་སྐོར་གླེང་མོལ་བྱས་ཡོད་ཚུལ་གསར་འགོད་གསལ་བསྒྲགས་སྤེལ་ཡོད་པའི་ནང་བཀོད་འདུག
ད་དུང་ཕྱོགས་གཉིས་ཀྱིས་སྤྱི་ཚོགས་དང་དཔལ་འབྱོར་གྱི་མཉམ་ལས་རྒྱ་བསྐྱེད་སོགས་དང་དེ་བཞིན་མཉམ་ལས་ཀྱི་གཞི་ཡུལ་གསར་པ་འཚོལ་ཞིབ་བྱ་ཕྱོགས་བཅས་དང་འབྲེལ་བའི་གནད་དོན་སྐོར་གླེང་ཡོད་འདུག
བལ་ཡུལ་ནི་བོད་མི་བཙན་བྱོལ་བ་མང་པོ་ཞིག་བོད་ནས་བྲོས་བྱོལ་དུ་ཡོང་སྐབས། ཐོག་མར་སྣེ་ལེན་ཞུ་ཡུལ་གྱི་ཡུལ་གྲུ་གལ་ཆེ་ཞིག་ཆགས་ཡོད་ཀྱང་། རྒྱ་ནག་གཞུང་གི་གནོན་ཤུགས་འོག་བལ་ཡུལ་གཞུང་གིས་བོད་མི་མང་པོ་ཞིག་ཕྱིར་རྒྱ་ནག་ལ་རྩིས་སྤྲོད་བྱས་བའི་གནས་ཚུལ་བྱུང་ཡོད་ལ། ༢༠༠༨་ལོའི་ས་བྱི་ཞི་རྒོལ་ཆེན་མོའི་རྗེས་བལ་ཡུལ་ནང་གནས་སྡོད་བྱེད་མཁན་བོད་མི་ཚོར་བལ་ཡུལ་གཞུང་གིས་དམ་དྲག་ཇེ་ཆེར་བཏང་ཡོད་པ་རེད།


གསར་འགོད་པ། སྒྲོལ་མ་ལྷ་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་ཆར་རླུང་དྲག་པོ་བརྒྱབ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་གིས་ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་གཞུང་འབྲེལ་མཛད་འཆར་ཁག་དབུ་འཛུགས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎