ཡུན་རིང་སྒོ་རྒྱབ་པའི་བོད་དང་བལ་ཡུལ་ཀྱི་ས་མཚམས་འགག་སྒོ་བཅུ་བཞི་སྒོ་ཕྱེ་འདུག

2024.05.28
ཡུན་རིང་སྒོ་རྒྱབ་པའི་བོད་དང་བལ་ཡུལ་ཀྱི་ས་མཚམས་འགག་སྒོ་བཅུ་བཞི་སྒོ་ཕྱེ་འདུག ཡུན་རིང་སྒོ་རྒྱབ་པའི་བོད་དང་བལ་ཡུལ་ཀྱི་ས་མཚམས་འགག་སྒོ་བཅུ་བཞི་སྒོ་ཕྱེ་བའི་མཛད་སྒོ། ༠༥།༢༥།༢༠༢༤
Photo: RFA

དེ་སྔ་རྒྱ་ནག་ཝུའུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱི་རྐྱེན་རྒྱ་ནག་གཞུང་གིས་བལ་བོད་ས་མཚམས་ཀྱི་འགག་སྒོ་ཁག་སྒོ་རྒྱབ་ཡོད་པ་དང་། རྗེས་སུ་བལ་བོད་ས་མཚམས་ཕྱོགས་གཉིས་ཀའི་ཏོག་དབྱིབས་ནད་ཡམས་ཀྱི་བཀག་རྒྱ་གློད་ཡོད་ཀྱང་། རྒྱ་ནག་གཞུང་གིས་བལ་བོད་ས་མཚམས་ཀྱི་འགག་སྒོ་མང་པོ་ཞིག་སྒོ་མ་ཕྱེ་བར་ད་བར་དུ་བཞག་ཡོད་པ་རེད། དེ་ལྟར་དུས་ཡུན་རིང་པོར་སྒོ་རྒྱབ་པའི་བོད་དང་བལ་ཡུལ་ཀྱི་ས་མཚམས་འགག་སྒོ་བཅུ་བཞི་རྒྱ་ནག་གཞུང་གིས་ཟླ་༥པའི་ཚེས་༢༥ཉིན་དངོས་སུ་ཕྱེ་ཡོད་པ་རེད་འདུག
རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ལས་ཁང་གིས་ཟླ་༥པའི་ཚེས་༢༥ཉིན་སྤེལ་བའི་གནས་ཚུལ་ནང་། ཟླ་༥པའི་ཚེས་༢༥ཉིན་བལ་ཡུལ་དང་བོད་ཀྱི་ས་མཚམས་ཉོ་ཚོང་སླར་གསོའི་མཛད་སྒོ་དེ་གཞིས་ཀ་རྩེའི་འདྲེན་ཐང་གྲོང་རྡལ་དུ་བསྐོངས་ཡོད་ཚུལ་དང་། བལ་ཡུལ་གྱི་སྲིད་བློན་གཞོན་པ་དང་ཕྱི་འབྲེལ་བློན་ཆེན་གཅིག་ལྕོགས་(Narayan Kaji Shrestha)་དང་བོད་རང་སྐྱོང་ལྗོངས་ཟེར་བའི་གཙོ་འཛིན་གཞོན་པ་སྲས་ལང་ཉི་མ་གཉིས་མཛད་སྒོར་ཞུགས་ཡོད་པ་རེད། གནས་ཚུལ་ལྟར་ན། ཊེབ་ལེ་ཇུང་དང་སན་ཁུ་ཝ་ས་བྷི་ཧ། རྡོ་ལ་ཁ། ཀོར་ཁ། ཀློ་སྨོན་ཐང། རྡོལ་པ། དར་ཆུ་ལ་སོགས་ས་ཁུལ་གྱི་ཉོ་ཚོང་འགག་སྒོ་༡༤་དངོས་སུ་སྒོ་ཕྱེ་ཡོད་པ་རེད།
རྒྱ་ནག་གཞུང་གིས་༢༠༢༠ལོའི་ཟླ་༡པོ་ནས་བལ་ཡུལ་དང་བོད་ཀྱི་ས་མཚམས་ཁག་གི་ཉོ་ཚོང་འགག་སྒོ་ཚང་མ་དུས་གཅིག་ཏུ་སྒོ་བརྒྱབས་ནས་ཏོག་དབྱིབས་ནད་དུག་འགོག་ཐབས་བྱས་པ་དང་། བྱེད་ཐབས་དེས་བོད་དང་བལ་ཡུལ་གྱི་མཐའ་མཚམས་ཁག་གི་མི་དམངས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་རེད།
གནས་ཚུལ་ལྟར་ན། ད་ལྟ་བོད་རང་སྐྱོང་ལྗོངས་དང་རྒྱལ་ཁབ་༡༧༥འི་བར་ཉོ་ཚོང་གི་འབྲེལ་བ་ཡོད་པ་དང་། རྒྱ་ནག་དང་བལ་ཡུལ་བར་གྱི་ལོ་རེའི་ནང་འདྲེན་དང་ཕྱི་ཚོང་གི་བོངས་ཚད་ནི་སྒོར་མོ་དུང་ཕྱུར་༢༧ལྷག་ཡིན་པ་རེད།
༢༠༠༨་ལོའི་རྗེས་སུ་རྒྱ་ནག་གཞུང་གིས་བོད་མིར་དམ་དྲག་ནན་མོ་བྱས་ཏེ་བལ་ཡུལ་བརྒྱུད་རྒྱ་གར་ལ་བཙན་བྱོལ་ལ་ཡོང་མཁན་ཧ་ཅང་ཇེ་ཉུང་ལ་སོང་ཡོད་ལ། རྒྱ་ནག་གི་ཕྱི་བསྐྱོད་ལམ་ཡིག་ཁྱེར་ནས་ཡོང་ཐུབ་མཁན་ཡང་ཧ་ཅང་གི་ཉུང་ཉུང་ཞིག་ལས་མེད། དེ་བཞིན་དུ་རྒྱ་ནག་གི་གནོན་ཤུགས་འོག བལ་ཡུལ་གཞུང་གིས་བལ་ཡུལ་ན་ཡོད་པའི་བོད་མི་སྐྱབས་བཅོལ་བ་ཚོར་དམ་དྲག་ནན་མོ་བྱས་ཏེ། བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོ་སྲུང་བརྩི་བྱས་མི་ཆོག་པ་མ་ཟད། ཐ་ན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཁྲུངས་སྐར་ཡང་སྲུང་བརྩི་བྱེད་རྒྱུར་དམ་དྲག་བྱེད་བཞིན་ཡོད་པ་རེད།།


གསར་འགོད་པ། སྟག་ལྷ་རྒྱལ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྤྱི་ནོར་༧གོང་ས་མཆོག་འདི་ཚེས་༢༢ཉིན་ཕྱིར་བཞུགས་སྒར་རྡ་རམ་ས་ལར་ཆིབས་བསྒྱུར་མཛད་ཀྱི་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཧྥེ་ལིབ་པིན་གཞུང་གིས་རྒྱ་ནག་གི་གསང་མྱུལ་བ་ལྔ་འཛིན་བཟུང་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎