བོད་ནང་ཆོས་དད་རང་དབང་ལ་རྡོག་རོལ་གཏོང་བཞིན་པར་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་སྐྱོན་བརྗོད།


2019.09.13
ལྷ་སའི་འབྲས་སྤུངས་ཞོ་སྟོན་སྐབས། ༢༠༡༩།༩ ལྷ་སའི་འབྲས་སྤུངས་ཞོ་སྟོན་སྐབས། ༢༠༡༩།༩
བོད་འབྱོར།

རྒྱ་ནག་གཞུང་གིས་བོད་ནང་གི་རྒན་ཡོལ་ལ་ཕྱིན་པའི་ལས་བྱེད་པ་ཚོ་ཆོས་ལུགས་ཀྱི་བྱེད་སྒོར་ཞུགས་རྒྱུར་སྟངས་འཛིན་ནན་མོ་བྱེད་བཞིན་པར་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་སྐྱོན་བརྗོད་བྱས་འདུག
དེ་ཡང་ཨ་རིར་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་སྟེ་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་ཚེས་ ༡༡ ་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་ནག་གིས་བརྗོད་བཞིན་པའི་བོད་རང་སྐྱོང་ལྗོངས་གཞུང་གིས་ཉེ་ལམ་བརྡ་ཁྱབ་ཅིག་བཏང་ནས། གཞུང་གི་རྒན་ཡོལ་ལ་ཕྱིན་པའི་ལས་བྱེད་པ་ཚོ་ཆོས་ལུགས་བྱེད་སྒོར་ཞུགས་རྒྱུར་བཀག་སྡོམ་བྱེད་བཞིན་པ་དེ་ནི་རྒྱ་ནག་གཞུང་གི་ཆོས་ལུགས་རང་དབང་ཡོད་པའི་ཁྲིམས་ལུགས་གཏན་འབེབས་བྱས་ཡོད་པ་དེ་དང་འགལ་བ་རེད་ཞེས་སྐྱོན་བརྗོད་བྱས་འདུག
བརྡ་ཁྱབ་དེ་ད་ལོའི་ཟླ་བརྒྱད་པའི་སྟོད་དུ་བཏང་བ་ཞིག་ཡིན་ན་ཡང་། ཉེ་ལམ་གོང་རིམ་གྱི་བཀའ་བཀོད་དང་སྦྲགས་ནས་ཡང་བསྐྱར་བཏང་ཡོད་པ་དང་། འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པར་བརྡ་ཁྱབ་དེ་རག་ཡོད་པ་རེད།
བརྡ་ཁྱབ་ནང་རྒན་ཡོལ་ལ་ཕྱིན་པའི་གཞུང་གི་ལས་བྱེད་པ་ཚོ་སྐོར་བ་དང་། དགོན་པར་འབུལ་བ་ཐེ་བའི་ཆོས་ལུགས་ཀྱི་བྱེད་སྒོ་མཐའ་དག་ལ་ཞུགས་མི་ཆོག་ལུགས་གཏན་འབེབས་བྱས་ཡོད་པ་རེད། འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པའི་གནས་ཚུལ་དུ། དེ་སྔ་གཞུང་གི་ལས་བྱེད་པ་དང་སློབ་མ་ཆོས་ལུགས་བྱེད་སྒོར་ཞུགས་རྒྱུར་བཀག་སྡོམ་བྱས་པ་ལས། རྒན་ཡོལ་ལ་ཕྱིན་པའི་ལས་བྱེད་པ་ཚོ་སྐོར་བ་བྱེད་མི་ཆོག་པའི་གནས་ཚུལ་བྱུང་མེད། དེ་ལས་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལ་དམ་དྲག་གི་ཤེད་ཤུགས་ཇེ་ཆེར་འགྲོ་བཞིན་པ་མཚོན་ཡོད་ཅེས་བཀོད་འདུག
བརྡ་ཁྱབ་དེས་ད་ལོའི་ཟླ་ ༨ ་པའི་ཚེས་ ༡༨ ་ཀྱི་སྔོན་དུ་ཆོས་ལུགས་བྱེད་སྒོ་ཞུགས་མཁན་ལས་འཁྱུར་ངལ་གསོ་ལས་བྱེད་པའི་མིང་ཐོ་གོང་རིམ་ལ་རྩིས་སྤྲོད་བྱེད་རྒྱུ་དང་། གལ་ཏེ་ཉེས་མིང་ཕོག་ཚེ་རྒན་ཡོལ་ལས་བྱེད་པ་དེ་གུང་ཁྲན་ཏང་མི་ཡིན་མིན་ལ་མ་བལྟོས་པར་ཉེས་ཆད་གཅོད་ངེས་ཡིན་པ་བཀོད་ཡོད་པ་རེད།
འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པའི་རྒྱ་ནག་ལས་དོན་འགན་ཁུར་བ་རེ་ཆར་སོན་ལགས་ཀྱིས། རྒྱ་ནག་གཞུང་གིས་གང་ཐུབ་ཅི་ཐུབ་ཀྱིས་བོད་ནང་བོད་ཀྱི་ཆོས་ལུགས་བྱེད་སྒོར་དམ་དྲག་བྱེད་ཀྱིན་ཡོད་ལ། ཐ་ན་མི་ཚེ་ཧྲིལ་བོར་གཞུང་ལ་ཞབས་ཞུ་སྒྲུབ་པའི་རྒན་ཡོལ་ལས་བྱེད་པ་ཚོ་ལའང་དམིགས་བསལ་མེད་པར་བྱེད་ཐབས་དེ་འདྲ་སྤེལ་བཞིན་པ་ནི་ཆོས་དད་རང་དབང་རྡོག་རོལ་དུ་བཏང་བ་རེད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་ཡོད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ལོ་ངོ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་ཨ་ཚོགས་དགོན་གྱི་རིག་དངོས་རྩིས་མེད་ཀྱིས་གནས་སྤོར་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎