བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཇེ་སྡུག་ཏུ་ཕྱིན་ཡོད་པའི་སྙན་ཐོ་བཏོན་འདུག

2019-05-16
གློག་འཕྲིན།
མཆན།
Share
པར་བཀོད།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་སྙན་ཐོ་འདོན་སྤེལ་སྐབས། ༢༠༡༩།༥།༡༦
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་སྙན་ཐོ་འདོན་སྤེལ་སྐབས། ༢༠༡༩།༥།༡༦
RFA

ཕྱི་ལོ་༢༠༡༨ལོར་བོད་མིའི་ཆོས་ལུགས་དང་སྨྲ་བརྗོད། རིག་གཞུང་ཉམས་ལེན་གྱི་རང་དབང་གི་གནས་བབས་ཇེ་སྡུག་ཏུ་སོང་ཡོད་པ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ལོ་འཁོར་སྙན་ཐོའི་ནང་གསལ་སྟོན་གནང་འདུག
བཞུགས་སྒར་དུ་རྟེན་གཞི་བྱས་པ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། སྤྱི་ལོ་༢༠༡༨ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ལོ་འཁོར་སྙན་ཐོ། སྤྱི་ཟླ་༥པའི་ཚེས་༡༦ཉིན་བཏོན་ཡོད་པའི་ནང་། ཕྱི་ལོ་ ༢༠༡༨ ལོ་དེའི་ནང་རྒྱ་ནག་གཞུང་གིས་ཁྲིམས་སྒྲིག་གསར་པ་མང་པོ་ཞིག་གཏན་བེབས་བྱས་འབྲས་སུ་བོད་ནང་གི་ཆོས་དད་རང་དབང་ཐད་དམ་དྲག་ཆེ་རུ་བཏང་པ་དང། དེ་བཞིན་བོད་ཀྱི་སྐད་ཡིག་ཉམས་ལེན་དང་སྲུང་སྐྱོབ། འདུ་འཛོམས་རང་དབང་གི་གནས་སྟངས་སོགས་ཕྱོགས་ཡོངས་ནས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་སོང་ཡོད་པར་མ་ཟད། བོད་རང་སྐྱོང་ལྗོངས་ཙམ་མིན་པར་བོད་རང་སྐྱོང་ལྗོངས་ཕྱིར་ཡོད་པའི་བོད་ཀྱི་ས་ཁུལ་ཁག་ནས་རྒྱ་ནག་གཞུང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ཐད་དམ་དྲག་བྱེད་ཤུགས་ཧ་ཅང་ཆེ་རུ་གཏོང་བཞིན་ཡོད་པ་ལྟེ་གནས་ཁང་དེའི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་འགྲེལ་བརྗོད་གནང་འདུག
སྙན་ཐོ་དེའི་ནང་རྒྱ་ནག་གཞུང་གིས་བོད་མི་གང་བྱུང་འཛིན་བཟུང་བྱེད་པ་དང་། ཞི་བའི་འདུ་འཛོམས་ཀྱི་རང་དབང་ཐོབ་ཐང་འཕྲོག་པ། ཕར་ཚུར་འགྲོ་འོང་གི་རང་དབང་ལ་དམ་དྲག་བྱེད་པ་དང་། དྲང་བདེན་གྱི་ཁྲིམས་ཞིབ་ཐོབ་ཐང་འཕྲོག་པ། སྐད་ཡིག་དང་སློབ་གསོའི་ཐོབ་ཐང་ལ་དམ་དྲག་བྱེད་པ། འཚོ་གནས་ཚད་ལྡན་སྐྱེལ་བར་ཐོབ་ཐང་མེད་པ། ཁོར་ཡུག་ཡུན་གནས་ཀྱི་ཐོབ་ཐང་དང་བདེ་ཐང་གི་ཐོབ་ཐང་བཅས་སུ་རྡོག་རོལ་ཚབ་ཆེན་ཕོག་པ་འཁོད་ཡོད་པ་རེད།
ལྷག་པར་དུ་སྙན་ཐོ་དེའི་ནང་ བོད་བརྒྱུད་ནང་བསྟན་ཆོས་ལུགས་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ལུགས་རིང་ལུགས་དང་འཆམ་མཐུན་དང་།” “ཆོས་ལུགས་ཀྲུང་གོ་ཅན་ལ་བསྒྱུར་བའི་སྲིད་ཇུས”ཞེས་པ་དེ་དག་ནི་བོད་མིའི་ཆོས་ལུགས་དད་མོས་དང་རང་དབང་ལ་དམིགས་སུ་བཀར་བ་ཞིག་ཡིན་པ་བརྗོད་འདུག་ལ།  སྲིད་ཇུས་དེ་དག་འོག་བོད་རིགས་གྲྭ་ཕྲུག་མང་དག་ཞིག་དགོན་པ་ཁག་ནས་ཕྱིར་འབུད་ཀྱིས་རྒྱ་ནག་གཞུང་གིས་གཉེར་བའི་སློབ་གྲྭ་ཁག་ནང་བཙན་འཇུག་དང་། དེ་བཞིན་སྲིད་ཇུས་དེ་དག་གིས་བོད་ཀྱི་དགོན་སྡེ་ཁག་གིས་བོད་ཡིག་ཟུར་ཁྲིད་བྱ་རྒྱུར་ཡང་བཀག་སྡོམ་བྱེད་བཞིན་ཡོད་པ་བཀོད་འདུག
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་འདས་པའི་ལོའི་ནང་རྒྱལ་སྤྱིའི་ཐོག་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་དེ་ཙམ་གྱི་དོ་འཁུར་མ་བྱས་པར་སྐྱོན་བརྗོད་གནང་འདུག་ལ། ལོ་འཁོར་གྱི་སྙན་ཐོ་འདི་བོད་གཞིས་ལུས་མི་མང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་བྱེས་སྡོད་བོད་མིའི་མང་གཙོ་མཐོར་འདེགས་གཏོང་ཐབས་སུ། ལོ་འཁོར་དང་དམིགས་བསལ་སྙན་ཐོ་འདོན་སྤེལ་གྱིས། གནས་སྟངས་ཛ་དྲག་རྣམས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་གཙོས། འབྲེལ་ཡོད་ལས་འཛིན་ལྷན་ཚོགས་ཁག་ལ་ཞུ་འབོད་བྱེད་ཀྱི་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།