བོད་ནང་གནས་སྟངས་ཇེ་སྡུག་ཏུ་འགྲོ་ཉེན།
2012.02.27
༄༅༎རྒྱལ་སྤྱིའི་ཨིན་ཡིག་གསར་ཤོག་ The National ཞེས་པའི་ནང་རྩོམ་བྲིས་ཤིག་སྤེལ་བའི་ནང་བོད་ནང་རང་ལུས་ཞུགས་འབུལ་གྱི་གནས་ཚུལ་དེས་མ་འོངས་པར་རྒྱ་ནག་ནང་ཟིང་སློང་ཡོང་བའི་ཉེན་ཁ་ཡོད་སྐོར་གནས་ཚུལ་བཀོད་ཡོད་པ་རེད། ཕྱི་ལོ་ ༢༠༠༩ ལོ་ནས་ད་བར་བོད་ནང་རང་ལུས་ཞུགས་འབུལ་གནང་མཁན་རིམ་པ་བྱུང་བ་དེར་རྒྱ་དམར་གཞུང་གིས་དྲག་སྤྱོད་ཐོག་གདོང་ལེན་བྱས་ནས་རང་ལུས་མེར་བསྲེག་བཏང་གནང་མཁན་རྣམས་འཇིགས་སྐུལ་དྲག་སྤྱོད་པ་དང་ཟིང་ཆ་སློང་མཁན་དེ་མིན་གྱེན་ལོག་བྱེད་མཁན་ཡིན་པའི་མིང་འདོགས་སྣ་ཚོགས་ཐོག་སྐྱོན་བརྗོད་དྲག་པོ་བྱས་ཡོད་པ་རེད། རྒྱ་དམར་གཞུང་གིས་ད་བར་རང་ལུས་ཞུགས་འབུལ་གནང་མཁན་བཅུ་གྲངས་གཉིས་ཙམ་བྱུང་བ་དེ་སྲུང་སྐྱོབས་དང་འབྲེལ་བའི་གནད་དོན་ཞིག་ལ་ངོས་འཛིན་བྱས་པ་དེ་ནོར་འཁྲུལ་ཡིན་པ་དང་གལ་སྲིད་བོད་མི་རྣམས་དང་གྲོས་མོལ་དང་གུ་བཤང་མ་བྱས་ན་གནས་ཚུལ་ཇི་སྡུག་ཏུ་འགྲོ་བའི་ཉེན་ཁ་ཡོད་པ་རེད། བཙན་བྱོལ་བོད་མིའི་རྒྱལ་ས་རྒྱ་གར་བཞུགས་སྒར་རྡ་རམ་ས་ལར་ཆོས་སྲིད་ཀྱི་དབུ་འཁྲིད་རྣམས་ཀྱིས་རྒྱ་མིས་བོད་ནང་གི་དལྟའི་གནས་ཚུལ་དེ་དག་ཐོག་ལག་བསྟར་བྱེད་ཕྱོགས་དེ་བྱབ་ཆུང་གི་གནས་ཚུལ་ཞིག་མཐོང་གི་ཡོད་ཅིང་ཁོང་ཚོས་བོད་ཀྱི་ཤར་ཕྱོགས་ས་ཁུལ་ནང་རྒྱ་དམག་མི་རྒྱུན་མ་ཆད་པ་གཏོང་བཞིན་པ་གཟིགས་པ་དང་རྒྱ་ནག་གི་ས་ཁུལ་ཁག་ནང་བསྟུན་མཁས་ཀྱི་སྲིད་བྱུས་ཤིག་ལག་བསྟར་བྱེད་པ་གཟིགས་ཀྱི་ཡོད་པ་རེད་ཅེས་གོང་ཞུས་ཀྱི་རྩོམ་བྲིས་དེའི་ནང་བཀོད་ཡོད་པ་རེད༎