རྒྱ་ནག་ནང་ངོ་རྒོལ་དང་འབྲེལ་བོད་ནང་གི་དྲ་ལམ་ཁག་ཏུ་ངོ་རྒོལ་སྐོར་གྱི་གནས་ཚུལ་ཐད་དམ་དྲགས་ཤུགས་ཆེར་བྱེད་བཞིན་འདུག

2022.12.06
རྒྱ་ནག་ནང་ངོ་རྒོལ་དང་འབྲེལ་བོད་ནང་གི་དྲ་ལམ་ཁག་ཏུ་ངོ་རྒོལ་སྐོར་གྱི་གནས་ཚུལ་ཐད་དམ་དྲགས་ཤུགས་ཆེར་བྱེད་བཞིན་འདུག རྒྱ་ནག་གཞུང་གིས་བོད་མི་ཚོར་དམ་དྲགས་བྱེད་གནས་ཀྱི་སྤྱི་ཚོགས་དྲ་ལམ་གཙོ་གྲས་ཁག་སྐད་འཕྲིན་དང་ཝེ་པོ་ཁཱ་སོ་སོགས་ཡིན་འདུག
screenshot

ཉེ་བའི་བདུན་ཕྲག་གཉིས་ཙམ་རིང་རྒྱ་ནག་ནང་མི་མང་གིས་ཏོག་དབྱིབས་རིམས་ནད་བཀག་བསྡོམས་ལ་ངོ་རྒོལ་དང་། དེ་བཞིན་རྒྱ་ནག་གི་ས་ཁུལ་ཁ་ཤས་ནང་རྒྱ་ནག་དམར་ཤོག་ཚོགས་པ་དང་མགོ་ཁྲིད་ཞི་ཅིན་ཕིན་སྲིད་དབང་ནས་མར་འབབ་དགོས་པའི་ངོ་རྒོལ་བྱུང་བར་བརྟེན། རྒྱ་ནག་གཞུང་གིས་བོད་ནང་གི་སྤྱི་ཚོགས་དྲ་ལམ་ཁག་ཏུ་དམ་དྲགས་དང་གནས་ཚུལ་དེ་རིགས་བརྒྱུད་སྤེལ་མི་ཆོག་པའི་བཀག་འགོག་ཤུགས་ཆེར་བྱེད་བཞིན་ཡོད་པ་དང་། འདས་པའི་ཉིན་ཤས་ནས་བཟུང་མཚོ་སྔོན་ཟི་ལིང་དང་། རྔ་བ་ཁུལ་གྱི་རྫོང་ཁག་གི་བོད་མི་འདུས་སྡོད་ས་ཁུལ་དུ་སྐད་འཕྲིན་ཚོགས་པ་ཁག་ནང་རིམས་ནད་གནས་ཚུལ་སོགས་གཅིག་ཀྱང་བརྒྱུད་སྤེལ་མི་ཆོག་པའི་བཀོད་ཁྱབ་གཏོང་བཞིན་ཡོད་པ། བོད་ནང་གི་བོད་མི་གཉིས་ནས་འགྲེལ་བརྗོད་གནང་བྱུང་།

རྒྱ་ནག་གཞུང་གིས་བོད་མི་ཚོར་དམ་དྲགས་བྱེད་གནས་ཀྱི་སྤྱི་ཚོགས་དྲ་ལམ་གཙོ་གྲས་ཁག་སྐད་འཕྲིན་དང་ཝེ་པོ་ཁཱ་སོ་སོགས་ཡིན་འདུག་ལ། དཔེར་ན་ད་ལྟའི་ཆར་སྲིད་གཞུང་བརྡ་ཁབ་དང་འབྲེལ་བ་མེད་པའི་གནས་ཚུལ་རིགས་འཕྲིན་ཚོགས་པ་ཁག་ཏུ་བསྐུར་བ་ཡིན་ན། བསྐུར་ཐུབ་ཀྱི་ཡོད་ཀྱང་ཕ་རོལ་བོའི་མི་མཐོང་བ་བྱས་ཡོད་པ་དང་། གོང་ཞུས་བོད་ནང་གི་འབྲེལ་ཡོད་བོད་མི་གཅིག་ནས་མུ་མཐུད་བརྗོད་དོན་ལ། བོད་ནང་དུ་རྒྱ་ནག་ནང་བྱུང་བཞིན་པའི་ངོ་རྒོལ་ལས་འགུལ་ཤེས་རྟོགས་ཡོད་མཁན་ཧ་ཅང་ཉུང་ཉུང་ཡིན་པ་དང་། ད་ལྟའི་ཆར་ཟི་ལིང་གྲོང་ཁྱེར་དང་རེབ་གོང་རྫོང་། རྨ་ལྷོ་སོགས་ནས་རིམས་ནད་བཀག་བསྡོམས་གློད་རྒྱུ་ཡིན་པའི་རྣམ་པ་ཙམ་སྟོན་བཞིན་པ་ལས། སྔར་བཞིན་ཁྱིམ་སྡོད་བཀག་རྒྱའི་འོག་བཅུག་ཡོད་པ་དང་། དྲ་ལམ་ཁག་ཏུ་སྲིད་གཞུང་གི་བརྡ་ཁྱབ་ཁག་ལས་གཞན་པའི་གནས་ཚུལ་གང་ཡང་གོ་ཐོས་མེད་པ་ཆགས་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

ད་ལྟའི་ཆར་རྒྱ་ནག་གཞུང་འབྲེལ་གྱི་གནས་ཚུལ་ལྟར་ན།ཕྱི་ཚེས་༥ཉིན་བར་བོད་རང་སྐྱོང་ལྗོངས་ཡོངས་སུ་ནད་རྟགས་མེད་པའི་ནད་པ་༡༠འཕར་ཡོད་པས།ལྷ་ས་ཡོངས་སུ་ཉེན་ཁ་ཆེ་བའི་ས་ཁུལ་༢༤ཡོད་པ་སྐོར་དང་། དེ་བཞིན་རྨ་ལྷོ་ཧུ་ནན་རྫོང་དུ་ནད་པ་༡༢དང་། རྩེ་ཁོག་རྫོང་དུ་༡༡། དེ་བཞིན་དཀར་མཛེས་ཁུལ་བརྒྱད་ཟུལ་རྫོང་དུ་༡་དང་། ལྕགས་ཟམ་རྫོང་དུ་༡། ཉག་ཆུ་རྫོང་དུ་༡། རྔ་བ་ཁུལ་དུ་ནད་པ་༢༡བཅས་ཡོད་པ་བཅས་བཀོད་འདུག་ལ། འབྲེལ་ཡོད་བོད་མི་གཞན་དེས་དེང་སྐབས་རྔ་བ་ཕྱོགས་སུ་རིམས་ནད་གང་ཡང་མེད་སའི་གྲོང་གསེབ་ཁག་ཏུ་ཉིན་ལྟར་བརྟག་དཔྱད་དགོས་པ་དང་། གྲོང་གསེབ་ཁུལ་དུ་རིམས་ནད་ཡོང་ཐབས་མེད་ན་ཡང་རྒན་རྒོན་ལོ་ལོན་ཚོ་སྐོར་བ་དང་མཆོད་མཇལ་ཙམ་བྱེད་དུ་གཏོང་གི་མེད་སྐོར་བརྗོད་བྱུང་།

རྒྱ་ནག་མི་མང་གིས་རིམས་ནད་བཀག་བསྡོམས་ལ་ངོ་རྒོལ་ཤུགས་ཆེར་བྱས་རྐྱེན། རྒྱ་ནག་གཞུང་གིས་ཕྱི་ཚེས་༦ཉིན་ནས་གཞུང་འབྲེལ་ངོས་ནས་རྒྱ་ནག་ཕེ་ཅིན་གྲོང་ཁྱེར་དང་ཧྲང་ཧེ། ཀོང་ཏུང། ཐན་ཅིན། ཧྲན་ཏུང། ཧུ་ནན། ཝོ་ཧན།ཀོང་ཞི། སི་ཁྲོན། བོད་རང་སྐྱོང་ལྗོངས་སོགས་ཆ་ས་མང་པོར་རིམས་ནད་སྔོན་འགོག་ཚོད་འཛིན་དང་། བརྟག་དཔྱད་བྱེད་ཐབས། ཕྱིར་སྐྱོད། སྨན་བཅོས་སོགས་ལྷོད་ཡངས་བཏང་ཡོད་པའི་གསལ་བསྒྲགས་སྤེལ་ཡོད་པ་དང། རྒྱ་ནག་གི་ཝེ་པོ་སྤྱི་ཚོགས་དྲ་ལམ་སོགས་སུ་རིམས་ནད་བཀག་བསྡོམས་གནས་སྟངས་ལ་འགྱུར་བ་ཡོང་བཞིན་པ་དེ་ས་ཕྱོགས་མང་པོ་ནས་མི་མང་གིས་ངོ་རྒོལ་བྱས་རྐྱེན་ཡིན་སྐོར་བརྗོད་བཞིན་འདུག་ལ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་ནག་ནང་བྱུང་བའི་ངོ་རྒོལ་ལས་འགུལ་དེ།བོད་ནང་གི་བོད་མི་ཚོས་གོ་ཐོས་བྱུང་བ་ཡིན་ན་མ་འོངས་ཕུགས་རྒྱང་རིང་པའི་ནང་ཤུགས་རྐྱེན་ཡོང་རྒྱུ་ཡིན་པ།ཨ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲིའི་སྐབས་གསུངས་ཡོད་པ་རེད། 

 

གསར་འགོད་པ།  སངས་རྒྱས་དཀོན་མཆོག 
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། 
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎