སི་པན་གྲོས་ཚོགས་ནང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་འདུག
དེ་ཡང་ཕྱི་ཟླ་༢ཚེས་༢༡སྟེ་ཆུ་ཡོས་བོད་ཀྱི་ལོ་གསར་ཚེས་༡ཉིན། ཡོ་རོབ་སི་པན་(Spain)་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ནང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་ཡོད་པ་དང་། སྐབས་དེར་འབྲེལ་ཡོད་སྦེལ་ཇམ་བོད་ཀྱི་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་དང་། བོད་མི་མང་ཡོ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས། ཡོ་རོབ་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་བཅས་ཕེབས་ཡོད་པའི་ཐོག སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་དྲྭ་བརྙན་བརྒྱུད་དགའ་བསུའི་འཚམས་འདྲི་གནང་ཡོད་པ་རེད།
སྦེལ་ཇམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། འདི་ནི་རྒྱལ་སྤྱིའི་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་ཤོས་ཞིག་ཆགས་ཡོད། སྤྱིར་བཏང་སི་པན་རྒྱལ་ཁབ་ཀྱི་གཞུང་དེ་བོད་དོན་ལ་རྒྱབ་སྐྱོར་དེ་ཙམ་ཤུགས་ཆེན་པོ་མེད་མཁན་ཞིག་ལ་ངོས་འཛིན་གནང་བཞིན་པ་རེད། ཡིན་ན་ཡང་དེ་འདྲའི་རྒྱལ་ཁབ་ཞིག་གི་གྲོས་ཚོགས་གོང་མའི་ནང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་ཐུབ་པ་བྱུང་བ་ནི་གནས་ཚུལ་ཡག་པོ་དང་གལ་གནད་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་བཞིན་པ་གསུང་བྱུང་།
ཁོང་མོས་མུ་མཐུད་དུ་གསུང་ན། སི་པན་གྱི་གྲོས་ཚོགས་ནང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་འཛུགས་ཐུབ་པའི་ཆེད་གྲོས་ཚོགས་འཐུས་མི་(Nahar)་ལགས་ཀྱིས་སྐུ་ལས་མང་པ་བསྐྱོན་ཡོད་པ་དང་། དེ་ཡང་སྦེལ་ཇམ་བོད་ཀྱི་སྐུ་ཚབ་དོན་གཅོད་དང་ཡོ་རོབ་ཀྱི་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་བཅས་ཀྱིས་འབོད་སྐུལ་ཞུས་བ་སོགས་ལས་མངོན་འགྱུར་བྱུང་ཡོད་པ་རེད་འདུག
ཡོ་རོབ་སི་པན་གྱི་གྲོས་ཚོགས་གོང་མའི་ནང་ད་རེས་གསར་འཛུགས་བྱུང་བའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་། ཁྱོན་བསྡོམས་ཡུལ་དེའི་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་གྲོས་ཚོགས་འཐུས་མི་༢༩ཙམ་ཡོད་པ་དང་། ཁོང་རྣམ་པས་མ་འོངས་པར་ཡོ་རོབ་ནང་བོད་དོན་ཐོག་ཕྱག་ལས་གནང་མཁན་ཡོ་རོབ་ཀྱི་བོད་དོན་འབྲེལ་མཐུད་པ་སྐུ་ཚབ་གསར་དུ་བསྐོ་བཞག་ཡོང་ཐབས་དང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་ཡོང་བའི་ཆེད་དུ་འབད་བརྩོན་གནང་ཐབས། བོད་མིའི་སྒྲིག་འཛུགས་དེ་གཞིས་བྱེས་གཉིས་སུ་གནས་པའི་བོད་མིའི་སྐུ་ཚབ་ཡིན་པ་ལ་ངོས་འཛིན་ཡོང་ཐབས་སོགས་གནང་རྒྱུ་ཡིན་འདུག།
གསར་འགོད་པ། སྐལ་ལྡན་བློ་གྲོས།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།