གཞུང་ཞབས་ཡིག་རྒྱུགས་གཏོང་མཁན་ཚོས་ཁ་བྲལ་ལ་ངོ་རྒོལ་བྱེད་དགོས་བ་སོགས་ཀྱི་ཆ་རྐྱེན་བཏོན་འདུག

2021-05-14
Share
གཞུང་ཞབས་ཡིག་རྒྱུགས་གཏོང་མཁན་ཚོས་ཁ་བྲལ་ལ་ངོ་རྒོལ་བྱེད་དགོས་བ་སོགས་ཀྱི་ཆ་རྐྱེན་བཏོན་འདུག བོད་ཀྱི་རྒྱལ་ས་ལྷ་སའི་གཙུག་ལག་ཁང་གི་ཉེ་འགྲམ་དུ། ༢༠༡༤
Reuters

རྒྱ་ནག་གཞུང་གིས་འབོད་པའི་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གཞུང་ཞབས་ཡིག་རྒྱུགས་གཏོང་མཁན་ཚོས་ཁ་བྲལ་ལ་ངོ་རྒོལ་དང་༧གོང་ས་མཆོག་ལ་མཚན་དམོད་བྱེད་དགོས་བ་སོགས་ཀྱི་ཆ་རྐྱེན་བཏོན་འདུག
བོད་རང་སྐྱོང་ལྗོངས་ཁོངས་ཀྱི་གཞུང་ཞབས་ལས་བྱེད་ཡིག་རྒྱུགས་ནང་ཞུགས་མཁན་ཚོས་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར་ཞུ་བའི་ཐོག་ཁ་བྲལ་དང་༧གོང་ས་མཆོག་ལ་ངོ་རྒོལ་བྱས་ནས་རྒྱལ་ཁབ་གཅིག་གྱུར་སོགས་ཀྱི་གཞི་རྩའི་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དགོས་པ་སོགས་ཀྱི་ཆ་རྐྱེན་བཏོན་ཡོད་འདུག
བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་སྒྲིག་འཛུགས་ལས་ཁང་གིས། ཕྱི་ལོ་༢༠༢༡་ལོའི་སློབ་ཆེན་སློབ་ཐོན་པ་ཚོ་གཞུང་ཞབས་ལས་བྱེད་དུ་ཡིག་རྒྱུགས་གཏོང་ཕྱོགས་ཀྱི་བརྡ་ཐོ་དོན་ཚན་ཆེ་ཁག་བཅུ་བཏང་བའི་ནང་། འཆར་གཞིའི་ཡིག་རྒྱུགས་གཏོང་ཁུལ་ནས་ཁྱོན་གཞུང་ཞབས་ལས་བྱེད་མི་གྲངས་༢༨༦་འདེམས་སྒྲུག་བྱ་རྒྱུ་ཡིན་པ་དང་། ཡིག་རྒྱུགས་གཏོང་ཆོག་པའི་སློབ་མ་ཚོར་རྒྱལ་ཁབ་དང་བོད་རང་སྐྱོང་ལྗོངས་ཀྱིས་ངོས་ལེན་ཡོད་པའི་སློབ་གྲྭ་ཆེན་མོ་ཁག་ནས་སློབ་ཐོན་བྱས་པའི་ལག་འཁྱེར་ཡོད་པ་དང་། ཡང་ན་བོད་རང་སྐྱོང་ལྗོངས་ཀྱི་གཞུང་ཞབས་ཡིག་རྒྱུགས་ཀྱི་ཆ་རྐྱེན་ཚང་བའི་སློབ་གྲྭ་ཆེན་མོ་ནས་སློབ་ཐོན་བྱུང་བའི་སློབ་མ་ཡིན་དགོས་བ། དེ་མིན་དམག་ཟུར་སློབ་གྲྭ་ཆེན་མོ་ནས་ཐོན་པ་དང་བོད་ཀྱི་དཔའ་བོ་ཟེར་བའི་བུ་ཕྲུག བོད་ནང་དུས་ཡུན་རིང་པོར་གཞུང་གི་ལས་ཁུངས་ཁག་ནང་ལས་ཀ་བྱས་མྱོང་བའི་མི་སྣའི་བུ་ཕྲུག དམག་མི་དང་ཁོང་ཚོའི་ནང་མིའི་བུ་ཕྲུག་སོགས་ཡང་ཡིག་རྒྱུགས་ནང་ཞུགས་ཆོག་གི་ཡོད་འདུག
ད་དུང་གཞུང་ཞབས་ལས་བྱེད་ཡིག་རྒྱུགས་ནང་ཞུགས་མཁན་ཚོས་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར་ཞུ་དགོས་བ་དང་། བསམ་བློ་དང་ཆབ་སྲིད་ལངས་ཕྱོགས་ཞི་ཅིང་ཕིང་སྲོག་ཤིང་འོག་རྒྱ་ནག་དབུས་གཞུང་དང་གཅིག་མཚུངས་ཀྱིས། ཁ་བྲལ་ལ་ངོ་རྒོལ་དང་། ༧གོང་ས་མཆོག་ལ་མཚན་དམོད་བྱེད་དགོས་པའི་ཁར་རྒྱལ་ཁབ་གཅིག་གྱུར་སོགས་ཀྱི་གཞི་རྩའི་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་འཛིན་དགོས་པ་སོགས་ཀྱི་ཆ་རྐྱེན་བཏོན་ཡོད་འདུག
དེ་མིན་ཡིག་རྒྱུགས་གཏོང་མཁན་གྲས་སུ་སློབ་གྲྭ་ཆེན་མོའི་ནང་ཡོད་སྐབས་ཞིང་ཆེན་རིམ་པ་ཡན་གྱི་ལས་ཁང་ཁག་གིས་དམར་ཤོག་ཚོགས་མི་ཕུལ་བྱུང་དང་། གཞོན་ནུ་སྡེ་ཚོགས་ཀྱི་ཚོགས་མི་ཕུལ་བྱུང་། སློབ་ཕྲུག་ཕུལ་བྱུང་སོགས་ཀྱི་བྱ་དགའ་ཐོབ་མྱོང་ཡོད་པ་ཚོར་ཡིག་རྒྱུགས་ཨང་ཀིའི་ཐོག་སྐར་མ་བཅུ་ཁ་སྣོན་བྱེད་རྒྱུ་ཡིན་ལུགས་བཀོད་འདུག
འདི་ལྟར་རྒྱ་ནག་གཞུང་གིས་འཆར་གཞི་དང་ལྡན་པའི་ངང་བོད་རིགས་སློབ་ཐོན་སློབ་མ་ཚོས་ལས་ཀར་རྒྱུགས་སྤྲོད་སྐབས་དབྱེ་འབྱེད་ཀྱི་དཀའ་ངལ་འཕྲད་ཀྱི་ཡོད་པ་དང་། ལྷག་པར་དུ་བོད་ཀྱི་སྐད་ཡིག་སྤྱི་ཚོགས་ལས་རིགས་ཁྲོད་བེད་སྤྱོད་མེད་པ་བཟོས་ནས་བོད་རིགས་སློབ་མ་ཚོའི་མདུན་ལམ་བཀག་པ་ལྟ་བུའི་དཀའ་ངལ་འཕྲད་ཀྱི་ཡོད་པ་གནད་དོན་དཔྱད་ཞིབ་པ་ཚོས་བརྗོད་ཀྱི་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།