བོད་ནང་ཤིན་ཅང་ནང་གི་གནས་སྟངས་དང་འདྲ་བར་བསམ་བློ་བསྒྱུར་བཅོས་ཁང་བཙུགས་འདུག་ཟེར།

2021-07-12
Share
བོད་ནང་ཤིན་ཅང་ནང་གི་གནས་སྟངས་དང་འདྲ་བར་བསམ་བློ་བསྒྱུར་བཅོས་ཁང་བཙུགས་འདུག་ཟེར། ཚེ་རིང་ཟླ་ལགས་ཀྱིས་ངོ་སྤྲོད་གནང་བའི་བསམ་བློ་བསྒྱུར་བཅོས་ཁང་ཡོད་ས།
དྲ་བཤུས།/RFA

བོད་ནང་ཤིན་ཅང་ཡུ་གུར་གྱི་གནས་སྟངས་དང་འདྲ་བར་བསམ་བློ་བསྒྱུར་བཅོས་ཁང་བཙུགས་ནས་དམར་ཤོག་གི་ལྟ་བ་སློབ་གསོ་སྤྲོད་བཞིན་ཡོད་པ་ཉེ་ལམ་བོད་ནས་བཙན་བྱོལ་དུ་འབྱོར་བའི་བོད་མི་ཞིག་གིས་ངོ་སྤྲོད་གནང་བྱུང་།
རྒྱ་ནག་གཞུང་གིས་བོད་ནང་ཤིན་ཅང་ཡུ་གུར་བའི་གནས་སྟངས་དང་འདྲ་བར་ངལ་རྩོལ་བསྒྱུར་བཀོད་རྭ་བ་དང་། བསམ་བློའི་བསྒྱུར་བཅོས་ཁང་སོགས་གསར་འཛུགས་བྱས་དང་བྱེད་མུས་ཡིན་པ་བོད་གནས་ཉམས་ཞིབ་པ་ཚོས་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་བཞིན། ལྷ་སའི་ཆུ་ཤུར་རྫོང་གི་ཚལ་སྣ་ཤང་གི་ནང་རྒྱ་ནག་གཞུང་གིས་དམ་དྲག་ཧ་ཅང་ཆེ་བའི་བསམ་བློ་བསྒྱུར་བཅོས་ཁང་ཆེད་འཛུགས་ཀྱིས་བོད་ཀྱི་ཞིང་འབྲོག་བོད་མི་ཚོའི་བུ་ཕྲུག་ཚོར་བཙན་གྱིས་དམར་ཤོག་གི་ལྟ་བ་སློབ་གསོ་སྤྲོད་པ་དང་། ཞོར་དུ་ལག་ཤེས་སྦྱོང་བརྡར་སྤྲོད་ཀྱི་ཡོད་པའི་སྐོར་ཉེ་བའི་ཆར་བོད་ནས་རྒྱ་གར་དུ་བཙན་བྱོལ་དུ་འབྱོར་བའི་ཚེ་རིང་ཟླ་བ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་ཁང་ལ་འགྲེལ་བརྗོད་གནང་ཡོད།
ཚེ་རིང་ཟླ་བ་ལགས་ནི་ལྷ་ས་ནས་ཡིན་འདུག་པ་དང་། སྤྱི་ལོ་༢༠༢༡་ལོའི་སྤྱི་ཟླ་༢་པའི་ནང་ཁོང་གི་ཨ་མ་དང་མཉམ་དུ་བོད་ནས་རྒྱ་གར་དུ་བཙན་བྱོལ་དུ་ཡོང་འདུག་ཅིང་། ཁོང་གིས་མུ་མཐུད་བོད་ནང་གི་དངོས་ཡོད་གནས་སྟངས་འགྲེལ་བརྗོད་གནང་སྐབས། རྒྱ་ནག་གཞུང་གིས་ལྷ་ས་ཆུ་ཤུར་རྫོང་ནང་བཙུགས་པའི་བསམ་བློ་བསྒྱུར་བཅོས་ཁང་དེ་སྤྱི་ལོ་༢༠༡༩་ལོར་གསར་དུ་བཙུགས་པ་དང་། བསམ་བློ་བསྒྱུར་བཅོས་ཁང་དེར་ཕྱི་ནས་བལྟས་ན་སློབ་གྲྭ་ལྟ་བུ་ཞིག་གི་རྣམ་པ་ཡོད་ཀྱང་། དེའི་ནང་ལོ་ན་༡༥་ནས་༣༥་བར་གྱི་བོད་ཀྱི་ཞིང་འབྲོག་བོད་མི་ཤ་སྟག་རེད་ཅེས་དང་། རྒྱ་ནག་གཞུང་གིས་ད་བར་བོད་མི་རྣམས་ཀྱི་ཆབ་སྲིད་དང་སྤྱི་དམངས། འགྲོ་འོང་གི་ཐོབ་ཐང་། དེ་བཞིན་སྨྲ་བརྗོད་དང་ཆོས་དད་རང་དབང་སོགས་རྡོག་རོལ་བཏང་དང་གཏོང་མུས་ཡིན་པ་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་མུས་ཡིན་པའི་ཁར། སྤྱི་ལོ་༢༠༡༥་ལོར་ཚེ་རིང་ཟླ་བ་ལགས་ཀྱིས་བོད་ནང་གི་བོད་མི་ཚོར་རང་དབང་དང་ཐོབ་ཐང་མེད་པའི་སྐོར་བོད་ནས་རྒྱ་གར་རྡ་རམ་ལའི་བོད་མི་ཁག་ཅིག་ལ་སྐད་འཕྲིན་བརྒྱུད་འགྲེལ་བརྗོད་བྱས་པའི་རྒྱུ་མཚན་ལ་བརྟེན་ནས་རྒྱ་ནག་གཞུང་གིས་ཁོང་ཟླ་བ་༡༡་རིང་བཙོན་འཇུག་བྱས་མྱོང་བ་ཁོང་གིས་འགྲེལ་བརྗོད་གནང་བྱུང་།
ཚེ་རིང་ཟླ་བ་ལགས་ཀྱིས་༢༠༠༦་ལོ་ནས་༢༠༡༤་བར་ལྷ་སར་ཡོད་པའི་ཀྲུང་གོའི་དངུལ་ཁང་ནང་ལས་ཀ་བྱས་འདུག་པ་དང་། ༢༠༡༧་ནས་༢༠༡༨་བར་ལྷ་སའི་ཆུ་ཤུར་ས་གཙང་གཞུང་འབྲེལ་ཚོང་གཉེར་ལས་ཁང་དུ་ཕྱག་ལས་གནང་ཡོད་པ་ཁོང་གིས་འགྲེལ་བརྗོད་གནང་ཞིང་། འདི་གའི་རླུང་འཕྲིན་ཁང་ནས་ཚེ་རིང་ཟླ་བ་ལགས་ཀྱིས་ཕྱག་ལས་གནང་ཡུལ་ས་ཆ་དེ་དག་གི་སྐོར་ཞིབ་ཕྲའི་གནས་ཚུལ་རག་ཐབས་ཞུས་ཀྱང་བོད་ནང་དམ་དྲག་གི་དབང་གིས་འཚོལ་ཞིབ་ཐུབ་མ་སོང་།

གཞན་ཡང་སྤྱི་ལོ་༢༠༢༠་ལོའི་སྤྱི་ཟླ་༩་པའི་ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་འདུ་ཐེངས་༤༥་པའི་ཐོག སུད་སིའི་སྐུ་ཚབ་དོན་གཅོད་ཁང་གི་མགྲིན་ཚབ་པས། རྒྱ་ནག་གཞུང་གིས་ངལ་རྩོལ་བསྒྱུར་བཀོད་ཁང་ཞེས་པ་གསར་འཛུགས་བྱས་ཏེ་ཕྱི་ལོ་༢༠༢༠་ལོའི་ལོ་འགོ་ནས་བཟུང་། ཕྱི་ཟླ་༧་པ་བར་ཁྱོན་བོད་མི་འབུམ་ལྔ་ལྷག་བཙན་དབང་གིས་ངལ་རྩོལ་བསྒྱུར་བཀོད་ཁང་དུ་བཅུག་ནས་ངལ་རྩོལ་བྱེད་དུ་འཇུག་གི་ཡོད་པ་མ་ཟད། བཙན་གྱིས་བོད་མི་ཚོའི་ལྟ་བ་བསྒྱུར་ཐབས་བྱེད་ཀྱི་ཡོད་སྐོར་བརྗོད་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།