གསུམ་བཅུའི་དུས་དྲན་སླེབས་ལ་ཉེ་བ་དང་བསྟུན་ཐེ་ཝན་དུ་བོད་དོན་ལས་འགུལ་སྤེལ་འདུག

2021-03-08
Share
གསུམ་བཅུའི་དུས་དྲན་སླེབས་ལ་ཉེ་བ་དང་བསྟུན་ཐེ་ཝན་དུ་བོད་དོན་ལས་འགུལ་སྤེལ་འདུག
ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་།

བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་སླེབས་ལ་ཉེ་བ་དང་བསྟུན་ཐེ་ཝན་དུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་འདུག
ཟླ་༣ཚེས་༨རེས་གཟའ་ཉི་མའི་ཉིན། ཐེ་ཝན་གྱི་རྒྱལ་ས་གྲོང་ཁྱེར་ཐེ་པེ་རུ་ཐེ་ཝན་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་༣༤མཉམ་འབྲེལ་ཐོག བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མི་ཉུང་བ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་འཛོམས་ནས། རྒྱ་ནག་གཞུང་གིས་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་བོད་ནང་དྲག་གནོན་གྱི་སྲིད་ཇུས་ལག་བསྟར་བྱས་བ་དང་། ད་ལྟའི་བོད་ནང་གི་གནས་སྟངས་སོགས་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་ནས། བོད་ནང་དེ་སྔ་བོད་མི་ཚོས་རང་དབང་སྒེར་ལངས་བྱས་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་འོས་ལངས་བྱས་ནས་ད་བར་མི་ལོ་༦༢འཁོར་བའི་དུས་དྲན་སྲུང་བརྩི་བྱས་འདུག
དེའི་ཐད་ཐེ་ཝན་གྱི་གླེང་སྟེགས་ཞེས་པས་གནས་ཚུལ་སྤེལ་བའི་ནང་། ད་ལམ་ཐེ་པེ་རུ་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་དེའི་སྐབས་སུ། ལས་འགུལ་བ་ཚོས་དེ་སྔ་ཕྱི་ལོ་༡༩༥༩ལོའི་ཟླ་༣པའི་ཚེས་༡༠ཉིན་བོད་མི་ཚོས་རང་དབང་སྒེར་ལངས་བྱས་བ་ནི། རྒྱ་ནག་གི་དབང་བསྒྱུར་དང་གཉའ་གནོན་ལ་ངོ་རྒོལ་བྱས་བ་ཡིན་པ་འཛམ་གླིང་ཡོངས་ཀྱི་མི་མང་གིས་དོ་སྣང་ཡོང་བའི་འབོད་སྐུལ་བྱས་ཡོད་འདུག
སྐབས་དེར་ལས་འགུལ་བ་བོད་མི་བཀྲིས་ཚེ་རིང་གིས། ང་ཚོའི་བོད་མི་ཚོས་ད་བར་ལོ་ངོ་༦༢རིང་བོད་དོན་འཐབ་རྩོད་ཐད་འབད་བརྩོན་བྱས་ཡོད་ལ། བོད་དོན་བདེན་མཐའ་མ་སེལ་བར་ལས་འགུལ་མཚམས་འཇོག་བྱེད་རྒྱུ་མིན་པ་གཏམ་བཤད་བྱས་འདུག

檔案_000-2-1024x576.jpg
དེ་ནས་ལས་འགུལ་བ་ཚོས་༧གོང་ས་མཆོག་གི་སྐུ་པར་དང་། བོད་ཀྱི་རྒྱལ་དར། འབོད་ཚིག་འདྲ་མིན་བྲིས་བའི་འཕྲེད་དར་སྣ་ཚོགས་དང་མཉམ། གྲོང་ཁྱེར་དང་གོམ་བགྲོད་དང་ཁྲོམ་སྐོར་བྱེད་བཞིན་རྒྱ་ནག་གི་དངུལ་ཁང་(Bank of China Taipei Branch)གི་མདུན་དུ་འབྱོར་རྗེས། ཆིངས་ཡིག་དོན་ཚན་བཅུ་བདུན་ཟེར་བ་རྒྱ་གཞུང་གི་བཙན་དབང་འོག་བཞག་བཅུག་པ་ཡིན་པའི་འཁྲབ་སྟོན་བྱས་བ་དང་། མཐར་ཐེ་ཝན་གྱི་ཁང་ཆེན་ཐོག་བརྩེགས་༡༠༡ཅན་གྱི་མདུན་བར་གོམ་བགྲོད་འདུ་འཛོམས་བྱས་ནས་ལས་འགུལ་མཇུག་སྒྲིལ་འདུག
ལས་འགུལ་སྐབས་ཐེ་ཝན་བོད་ཀྱི་དོན་གཅོད་དང་། ཐེ་ཝན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་ཧུང་ཧྲེང་ཧན་(Hung Sun Han)ལགས། གྲོས་ཚོགས་འཐུས་མི་ལྕམ་ཕན་ཡུན་(Fan Yun)ལགས། ཐེ་པེ་གྲོང་ཁྱེར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་ལིན་དབྱི་མོང་(Lin Ying Meng )ལགས། མེའོ་བྷོ་ཡཱ་ (Miao Poya)ལགས། བཀའ་ཟུར་ཀིརྟི་རིན་པོ་ཆེ་བཅས་མཉམ་ཞུགས་གནང་ཡོད་པ་རེད།
གནས་ཚུལ་ལྟར་ན། ཕྱི་ཟླ་༣ཚེས་༡༠ཉིན་ཐེ་སྡོད་བོད་རིགས་ཚོགས་པ་དང་། ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་བཅས་ཀྱིས་གཙོ་འགན་བཞེས་ཐོག་ཐེ་ཝན་གྱི་རང་དབང་ཐང་ཆེན་མདུན་སྨོན་ལམ་གོ་སྒྲིག་ཞུ་འཆར་ཡོད་འདུག

檔案_000-8-1024x576.jpg

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།