བོད་ཀྱི་མཐའ་མཚམས་སུ་གནམ་ཐང་རྒྱག་འཆར་གྱིས་ཡུལ་མིར་དཀའ་ངལ་འཕྲད་པ།


2018.06.11
བོད་ཀྱི་མཐའ་མཚམས་སུ་གནམ་ཐང་རྒྱག་འཆར་གྱིས་ཡུལ་མིར་དཀའ་ངལ་འཕྲད་པ། རྒྱ་ནག་གཞུང་གིས་བོད་ཀྱི་མཐའ་མཚམས་ཉེ་འགྲམ་དུ་གནམ་ཐང་གསུམ་གསར་རྒྱག་བྱེད་འཆར་ཡོད་འདུག
ཨེ་ཨེཕཔི།

དེ་ཡང་རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ཐོག་ཕྱི་ཚེས་༡༡ཉིན་གནས་ཚུལ་སྤེལ་བ་གཞིགས་ན། བོད་ནུབ་ཕྱོགས་ཁུལ་དུ་གནས་པའི་ལྷོ་ཁ་དང་། གཞིས་ཀ་རྩེ། མངའ་རིས་ས་གནས་བཅས་སུ་གནམ་ཐང་གསུམ་གསར་རྒྱག་བྱེད་རྒྱུ་ཡིན་པ་དང་། དེ་དག་ནི་རྒྱ་གར་དང་། འབྲུག བལ་ཡུལ་རྒྱལ་ཁབ་གསུམ་དང་ས་མཚམས་ཆགས་ཀྱི་ཡོད་པ་རེད་ཅེས་གཞུང་འབྲེལ་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་འདུག  གནམ་ཐང་གསར་རྒྱག་གི་ལས་གཞི་དེ་རྒྱ་ནག་ཧྲང་ཧེ་མཁའ་ལམ་ལས་ཁུངས་གཙོས་པའི་རྒྱ་ནག་ནང་གི་གནམ་ཐང་ཁེ་གཉེར་ལས་ཁང་བཞི་ཡིས་འགན་འཁུར་སྟངས་འཛིན་དང་དོ་དམ་གནང་རྒྱུ་ཡིན་པ་རེད་འདུག
སྤྱི་ལོ་༢༠༡༩ལོར་ལས་འཆར་དེ་འགོ་འཛུགས་བྱས་ཏེ་ལོ་གསུམ་ནང་ཚུད་ཚར་རྒྱུ་ཡིན་པ་རེད་འདུག་ལ་ལས་འཆར་དེའི་ཐོག་ཨ་མི་རི་ཀའི་ཌོ་ལར་ཐེར་འབུམ་གཉིས་ལྷག་ཙམ་མ་གནས་འགྲོ་གྲོན་གྱི་ལས་འཆར་ཞིག་ཡིན་པ་རེད། གནམ་ཐང་དེ་གསུམ་བརྒྱུད་ནས་རྒྱལ་ནང་དང་།  རྒྱལ་སྤྱིའི་གནམ་ཐང་༨ཡི་མཁའ་ལམ་མཐུད་ཐུབ་རྒྱུ་ཡིན་པ་གནས་ཚུལ་ནང་བཀོད་འདུག
འདིའི་གོང་ གཞིས་ཀ་རྩེའི་གྲོང་ཁྱེར་ཉེ་འཁོར་གྱི་ལྷ་རྩེ་རྫོང་ཉེ་འགྲམ་གནམ་ཐང་གསར་རྒྱག་གི་ཆེད་དུ་ཞིང་པའི་ས་ཆ་བཙན་འཕྲོག་བྱས་ནས་ཡུལ་མི་ཚོར་གུན་གསབ་ཆུང་ངུ་ལས་སྤྲད་མེད་པ་དང་། དེ་ཡང་ཞིང་པའི་ས་ཆ་དེ་དག་ནི་ས་གནས་ཡུལ་མི་ཚོས་མི་རབས་ནས་མི་རབས་བརྒྱུད་ནས་འཚོ་རྟེན་བྱེད་ཡུལ་ཞིག་ཡིན་པ་དང་། ད་ཆ་རྒྱ་ནག་གི་གནམ་ཐང་གསར་རྒྱག་གི་ཆེད་དུ་ས་ཞིང་བཙན་འཕྲོག་བྱེད་བཞིན་པ་དེས་ཡུལ་མིའི་འཚོ་བ་ལ་དོ་ཕོག་ཆེན་པོ་ཐེབས་རྒྱུ་ཡིན་པ་ས་གནས་ཡུལ་མིས་བརྗོད་ཡོད་པ་རེད། འོན་ཀྱང་གནད་དོན་འདི་དང་ད་ལྟ་བོད་ཀྱི་ས་ཁུལ་ཁག་ཏུ་གནམ་ཐག་རྒྱག་རྒྱུའི་འཆར་གཞིའི་དབར་འབྲེལ་བ་ཡོད་མེད་གནས་ཚུལ་གསལ་ཁ་མེད་པ་རེད།
བོད་ནང་གནམ་ཐང་གསར་རྒྱག་དང་། གཞིས་རྩའི་རྨང་གཞིའི་འཛུགས་བསྐྲུན་ལས་འཆར་གཞི་རྒྱ་ཆེན་པོ་སྤེལ་བཞིན་པ་དེ་དག་གིས་རྒྱ་ནག་གི་དབང་འཛིན་གཅིག་སྡུད་བྱེད་རྒྱུ་ལ་གཙོ་བོ་ཕན་པ་ལས་བོད་མི་ཚོའི་འཚོ་བའི་་གནས་བབ་དང་དབུལ་པོའི་གནས་སྟངས་ལས་སྐྱོབ་ཐབས་སུ་དེ་ཙམ་ཕན་ཐོགས་མེད་པ་དང་། ལས་འཆར་དེ་དག་ནི་རྒྱ་ནག་གིས་ཕྱོགས་གཅིག་གི་ཐག་གཅོད་ཁོ་ན་ལས་ས་གནས་ཡུལ་མི་དང་གོ་བསྡུར་བྱས་པའི་རིགས་རྩ་བ་ནས་མིན་ལུགས་དེ་སྔོན་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་རིག་འཛིན་རྡོ་རྗེ་ལགས་ཀྱིས་གསུངས་འདུག ད་ལྟའི་སྐབས་སུ་བོད་རང་སྐྱོང་ལྗོངས་ནང་གནམ་ཐང་ལྔ་ཡོད་པ་དང་།   ལྷ་ས་གནམ་ཐང་བརྒྱུད་ནས་ཕྱི་ལོ་༢༠༡༧ལོར་ཡུལ་སྐོར་སྤྲོ་འཆམ་པ་ས་ཡ་༤དང་ཕྱེད་ཀ་ཙམ་འབྱོར་ཡོད་པ་བོད་ལྗོངས་ཀྱི་དམངས་སྤྱོད་མཁའ་འགྲུལ་དོ་དམ་ཚན་པས་བརྗོད་འདུག།
གསར་འགོད་པ་དབྱངས་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དགེ་འདུན་པ་བསྟན་འཛིན་མཁྱེན་རབ་ལགས་ཀྱི་ཨ་མ་སྦོ་རྡེ་ལགས་སེམས་འཁྲལ་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎