རྒྱ་ནག་གིས་བོད་ནང་ཕྱི་ནས་ཡུལ་སྐོར་སྤྲོ་འཆམ་པ་ཡོང་རྒྱུ་ལས་སླ་རུ་གཏོང་རྒྱུ་ཡིན་ཟེར།

2019-01-11
གློག་འཕྲིན།
མཆན།
Share
པར་བཀོད།
ལྷ་སའི་གཙུག་ལག་ཁང་གི་མདུན། ༢༠༡༨།༧
ལྷ་སའི་གཙུག་ལག་ཁང་གི་མདུན། ༢༠༡༨།༧
བོད་འབྱོར།

རྒྱ་ནག་གཞུང་གིས་བོད་ནང་ཡུལ་སྐོར་སྤྲོ་འཆམ་པ་ཡོང་རྒྱུ་ལས་སླ་རུ་དང་སྟབས་བདེ་རུ་གཏོང་རྒྱུ་བསྒྲགས་ཀྱང་ཁྲིམས་ལྟར་ལག་བསྟར་ཇི་བཞིན་ཡོང་མིན་བལྟ་རྒྱུ་རེད་ཅེས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་གསུངས་འདུག
དེ་ཡང་འདི་ཚེས་༡༡་ཉིན་རྒྱ་ནག་གིས་བརྗོད་བཞིན་པའི་བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ཁྱབ་ཆེ་དགྲ་ལྷས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པའི་སྐབས། འདས་ལོའི་ནང་བོད་རང་སྐྱོང་ལྗོངས་ནང་ཡུལ་སྐོར་བ་བརྒྱ་ཆ་ ༣༡ ཙམ་ཡར་འཕར་ཏེ་མི་གྲངས་ས་ཡ་ ༣༣།༦༨ ཙམ་ཟིན་ཡོད་པ་དང་། ཕྱི་ལོ་ ༢༠༡༩ ལོར་ཡུལ་སྐོར་བ་བརྒྱ་ཆ་ ༥༠ ཡར་འཕར་བའི་རེ་བ་བྱེད་ཀྱི་ཡོད་པ་མ་ཟད། ཉེ་སྔོན་ནས་བཟུང་བོད་ནང་ཡུལ་སྐོར་འགྲོ་བསྐྱོད་ཀྱི་མཐོང་མཆན་ཞུ་བར་ཉིན་ ༡༥ ལས་སྒུག་མི་དགོས་པར་ལས་སླ་རུ་དང་སྟབས་བདེ་རུ་བཏང་ཡོད་སྐོར་བརྗོད་འདུག
དེའི་ཐད་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཕྱི་འབྲེལ་དྲུང་ཆེ་དགས་པོ་བསོད་ནམས་ནོར་བུ་ལགས་སུ་བཅར་འདྲི་བྱས་སྐབས། ཁོང་གིས་འགྱུར་བ་འདི་ནི་ཉེ་ལམ་ཨ་རིའི་གཞུང་གིས་བོད་ནང་ཕར་ཚུར་འགྲོ་འོང་ཐོབ་ཐང་འདྲ་མཉམ་གྱི་ཁྲིམས་གཞི་གཏན་འབེབས་བྱས་བའི་རྗེས་ལས་སླ་རུ་བཏང་བ་ཡིན་པ་ཞིག་ལ་ངོས་འཛིན་ཞུ་འོས་མོད། ཡིན་ཡང་བོད་ནང་ཡུལ་སྐོར་སྤྲོ་འཆམ་པར་དེ་སྔོན་ནས་དེ་ཙམ་གྱི་དཀའ་ངལ་མེད་ཀྱང་ཨ་རིའི་གཞུང་གིས་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་ཀྱི་ནང་དོན་དེ་ཨ་རིའི་མི་སེར་ཡིན་པའི་བོད་མི་དང་དེ་བཞིན་གསར་འགོད་པ། ཉམས་ཞིབ་པ། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་སྐུ་ཚབ་སོགས་འགྲོ་བསྐྱོད་ཆོག་དགོས་པ་དེ་རེད། དེའི་ཐད་རྒྱ་ནག་གཞུང་གི་ངོས་ནས་ལག་ལེན་བསྟར་མིན་ད་ལྟ་ཡག་རེད་ཅེས་དང་། རྒྱ་ནག་གཞུང་གིས་བོད་ནང་གི་དགོན་སྡེ་ཁག་གི་ནང་ཕྱིའི་ཤུགས་རྐྱེན་མ་ཐེབས་པའི་ཆེད་དུ་དགོན་སྡེ་ཁག་གིས་འཛིན་སྐྱོང་ཚགས་ཚུད་དུ་གཏོང་རྒྱུ་ཡིན་སྐོར་དང་། དེ་བཞིན་༧གོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་མིའི་འགོ་ཁྲིད་ལ་གདོང་ལེན་བྱ་རྒྱུ་ཡིན་ཞེས་བཤད་པ་དེ་ནི་ཨ་རིའི་ཁྲིམས་གཞི་དེའི་ནང་དོན་དང་འགལ་བ་རེད་ཅེས་གསུང་གནང་བྱུང་།
སྤྱིར་རྒྱ་རིགས་མ་ཡིན་པའི་ཡུལ་སྐོར་སྤྲོ་འཆམ་པ་ཚོ་བོད་ཀྱི་ས་ཁུལ་ནང་དམིགས་བསལ་ཆོག་ཆེན་ཞུས་པའི་ཐོག་ནས་འགྲོ་སྐྱོད་ཆོག་གི་ཡོད་པ་དེ་ཡང་རྒྱ་ནག་གཞུང་གི་ངོས་ལེན་ཡོད་པའི་འགྲིམ་འགྲུལ་ལས་ཁང་བརྒྱུད་ནས་མ་གཏོགས་ཆོག་གི་མེད་ཅིང། གསར་འགོད་པ་དང་གནད་ཡོད་མི་སྣ་འགྲོ་སྐྱོད་ཆོག་པ་ཧ་ཅང་དཀོན་པོ་ཆགས་ཡོད་པ་རེད། རྒྱ་ནག་གཞུང་ནས་ད་རེས་ཉེ་ཆར་ཨ་རིའི་གཞུང་གིས་བོད་ནང་ཕར་འགྲོ་ཚུར་འགྲོ་འོང་འདྲ་མཉམ་གྱི་ཁྲིམས་དེ་ལ་སྐྱོན་བརྗོད་ཤུགས་ཆེན་པོ་བྱེད་ཡོད་མིན་ལ་མ་ལྟོས་པར་ད་ཆ་བོད་ནང་ཡུལ་སྐོར་སྤྲོ་འཆམ་པ་ཡོང་ཕྱོགས་སྟབས་བདེ་དང་ལས་སླ་པོ་བཟོ་རྒྱུའི་གསལ་བསྒྲགས་དེ་སྤེལ་ཡོད་པ་རེད།

གསར་འགོད་པ་ཨྱོན་བསྟན་འཛིན།

མཆན། (0)
Share
དྲ་གནས་ཆ་ཚང༌།