ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པས་བཞུགས་སྒར་ནས་༧གོང་ས་མཆོག་དང་མཇལ་བཅར་ཞུ་རྒྱུ་རེད་འདུག

2022.05.17
Share on WhatsApp
Share on WhatsApp
ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པས་བཞུགས་སྒར་ནས་༧གོང་ས་མཆོག་དང་མཇལ་བཅར་ཞུ་རྒྱུ་རེད་འདུག ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་ལྕམ་(Uzra Zeya)་མཆོག
tn.usembassy.gov

དེ་ཡང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་སྤྱི་མང་བདེ་འཇགས་དང་མང་གཙོ། འགྲོ་བ་མིའི་ཐོབ་ཐང་ལས་དོན་གྱི་དྲུང་ཆེ་གཞོན་པ་དང་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་གཅིག་ལྕོགས་ལྕམ་ཨུཛ་ར་ཛི་ཡ་(Uzra Zeya)་མཆོག་གིས་ཟླ་༥ཚེས་༡༩ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་བཅར་ཞུ་རྒྱུ་ཡིན་འདུག ཁོང་བཞུགས་སྒར་རྡ་རམ་ས་ལར་གཞུང་དོན་འཚམས་གཟིགས་གནང་བ་འདི་ནི་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་དམིགས་བསལ་གདན་ཞུ་ཕུལ་བ་ཞིག་ཡིན་འདུག
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཡིག་ཐོག་འགྲེལ་བརྗོད་བྱུང་བར་གཞིགས་ན། ཨ་རིའི་བོད་དོན་ཐད་ཀྱི་དམིགས་བསལ་སྐུ་ཚབ་ལྕམ་ཨུཛ་ར་ཛི་ཡ་མཆོག་ཕྱི་ཟླ་༥ཚེས་༡༧ནས་ཚེས་༢༢བར་རྒྱ་གར་དང་བལ་ཡུལ་ནང་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་གྲུབ་དོན་ཁག་དོ་ནན་གཏིང་གཟབ་ཏུ་གཏོང་ཆེད་ཕྱོགས་ཕེབས་གནང་ཟིན་པ་གསལ་འདུག
བོད་དོན་དམིགས་བསལ་འབྲེལ་མཐུད་པ་མཆོག་གིས་རྡ་རམ་སཱ་ལ་ནས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དབུས་པའི་བཀའ་བློན་རྣམ་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན། གཞུང་འབྲེལ་མིན་པའི་སྐུ་ཚབ་དང་བཞུགས་མོལ་གནང་རྒྱུ་མ་ཟད། རིག་གཞུང་གི་བསྟི་གནས་དང་འགྲེམས་སྟོན་ཁང་སོགས་སུ་གཟིགས་བསྐོར་གནང་གི་ཡོད་འདུག་ཅིང་། ཕྱི་ཟླ་༥ཚེས་༡༩ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་ཞུ་རྒྱུ་ཡིན་འདུག ད་དུང་བོད་པའི་སློབ་ཕྲུག་ཨ་རིའི་མཐོ་རིམ་སློབ་གྲྭ་ཁག་ནས་སློབ་སྦྱོང་དུ་བསྐྱོད་པར་སློབ་ཡོན་དང་འབྲེལ་བའི་སྐོར་ཚོགས་འདུར་མཉམ་ཞུགས་དང་། དེ་བཞིན་ཉེ་འཁོར་བོད་པའི་དགོན་སྡེ་ཁག་ལ་གཟིགས་ཞིབ་སོགས་གནང་རྒྱུའི་མཛད་འཆར་ཡོད་པ་རེད།
གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ལྕམ་ཨུཛ་ར་ཛི་ཡ་མཆོག་ཕྱི་ཟླ་༥ཚེས་༢༠ཉིན་བལ་ཡུལ་དུ་གཞུང་འབྲེལ་འཚམས་གཟིགས་གནང་རྒྱུ་ཡིན་འདུག་པ་དང་། སྐབས་དེར་གཙོ་ཆེ་ཨ་རི་དང་བལ་ཡུལ་གཞུང་དབར་གྱི་འབྲེལ་ལམ་ཡར་རྒྱས་གཏོང་ཕྱོགས་སྐོར་བཀའ་བསྡུར་གནང་རྒྱུ་ཡིན་འདུག་ལ། ཡང་བལ་ཡུལ་ནང་གནས་འཁོད་བོད་མི་ཚོའི་གནས་བབས་སྐོར་ལ་ཡང་བལ་ཡུལ་གཞུང་གི་དཔོན་རིགས་རྣམས་དང་བཀའ་བསྡུར་གནང་རྒྱུ་ཡིན་འདུག
ཕྱི་ལོ་༡༩༩༧ལོར་སྐབས་དེ་དུས་ཀྱི་ཨ་རིའི་སྲིད་འཛིན་སྦིལ་ཀིལན་ཀྲན་མཆོག་གིས་སྐུ་ཞབས་(Gregory Craig)་ལགས་སུ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཐོག་མར་བསྐོ་བཞག་གནང་པ་བཟུང་། ད་བར་ཨ་རིའི་སྲིད་འཛིན་རིམ་པས་བོད་དོན་འབྲེལ་མཐུད་སྐུ་ཚབ་པ་ཐེངས་བདུན་བསྐོ་བཞག་གནང་ཡོད་པ་རེད། དེའི་ཁོངས་ནས་ཕྱི་ལོ་༢༠༠༦ལོར་ཨ་རིའི་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་པ་ལྕམ་(Paula Dobrainsky)་ལགས་དང་། ཕྱི་ལོ་༢༠༡༡ལོར་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་(Maria Otero) ཕྱི་ལོ་༢༠༡༦ལོར་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་པ་ལྕམ་(Sara Sewal)་རྣམ་པ་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་གནང་ཞིང་། ལྕམ་ཨུཛ་ར་ཛི་ཡའི་འཚམས་གཟིགས་འདི་ནི་ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་ཞིག་ཆེད་དུ་བཞུགས་སྒར་རྡ་རམ་ས་ལར་འཚམས་གཟིགས་གནང་མཁན་བཞི་པ་དེ་ཆགས་ཀྱི་ཡོད་པ་རེད།
རྒྱལ་ས་ཝ་ཤིང་ཊོན་དུ་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ད་རེས་ཀྱི་འཚམས་གཟིགས་འདི་ནི་རྒྱལ་སྤྱིའི་ནང་བོད་དོན་རྒྱབ་སྐྱོར་གྱི་གནས་བབས་ཐད་གནད་འགག་ཆེན་པོ་ཆགས་ཡོད་པ་བར་བརྒལ་གཙོ་འཛིན་བུ་ཆུང་ཚེ་རིང་ལགས་ཀྱིས་གསུངས་བྱུང་།
ཨ་མི་རི་ཀའི་སྲིད་འཛིན་འཇཱོ་སྦཡེ་ཌེན་(Joe Biden)་མཆོག་གིས་ལྕམ་ཨུཛ་ར་ཛི་ཡ་མཆོག་སྔ་ལོའི་ཕྱི་ཟླ་༡༢་བའི་ནང་ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་གནང་བ་དང་། ཉེ་ཆར་ཕྱི་ཟླ་༤ཚེས་༢༥ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨ་རིའི་རྒྱལ་སར་ཆེད་ཕེབས་སྐབས་ཨ་རིའི་ཕྱི་སྲིད་ལས་ཁུངས་ནང་མཇལ་མོལ་གནང་ཞིང་། ཁོང་གི་ངོས་ནས་གཙོ་བོ་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་ཞི་མོལ་བསྐྱར་གསོ་འབྱུང་ཐབས་དང་། དེ་བཞིན་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཡོང་ཐབས་སོགས་ལ་འབད་བརྩོན་གནང་རྒྱུའི་ཞལ་བཞེས་གནང་ཡོད་པ་རེད།

གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།