ཨ་རིའི་གྲོས་ཚོཊ་ཀྱི་རྒྱ་ནག་ལས་དོན་ཐད་ཀྱི་ཆེས་མཐོའི་ཚོགས་ཆུང་གིས་རྒྱ་ནག་ལ་སྐྱོན་བརྗོད།

2018-10-10
གློག་འཕྲིན།
མཆན།
Share
པར་བཀོད།
ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ལྷན་ཚོགས་ཀྱི་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་སྐབས། ༢༠༡༨།༡༠།༡༠
ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ལྷན་ཚོགས་ཀྱི་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་སྐབས། ༢༠༡༨།༡༠།༡༠
ནོར་ལྡེ།/RFA

ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཐད་ཀྱི་ཆེས་མཐོའི་ཚོགས་ཆུང་གིས་བོད་དང་ཤིན་ཅང་གི་གནད་དོན་ཐད་རྒྱ་ནག་གཞུང་ལ་སྐྱོན་བརྗོད་གནང་འདུག
ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ལྷན་ཚོགས་ཀྱི་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་བའི་ནང་།  བོད་ནང་དུ་ཆོས་དད་རང་དབང་མེད་པ་དང་སྨྲ་བརྗོད་རང་དབང་གི་གནས་བབས་ནི་ཆེས་ཞེན་པོ་ཡོད་པ་སོགས་གསལ་བཏོན་གནང་ཡོད་པ་རེད།
དེ་ཡང་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ལྷན་ཚོགས་ཀྱིས་ཟླ་ ༡༠ ཚེས་ ༡༠ ཉིན་རྒྱ་ནག་ལས་དོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ མར་ཀོ་རུ་སྦི་ཡོ་  Marco Rubio མཆོག་དང་གྲོས་ཚོགས་འོག་མའི་འཐུས་མི་ཀརིསྀ་ སམིཐ་ Chris Smith མཆོག་རྣམ་གཉིས་ཀྱི་མཚན་ཐོག་ནས་སྙན་ཐོ་ཤོག་གྲངས་ ༤༠༥ ཅན་ཞིག་འདོན་སྤེལ་གནང་ཞིང་།  དེའི་ནང་བོད་དང་ཤིན་ཅང་ཟུར་བཏོན་སྡེ་ཚན་ནང།  ༢༠༡༠ ལོའི་བར་བོད་རྒྱ་འབྲེལ་མོལ་རྗེས་༧གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་གཞུང་དབར་འབྲེལ་མོལ་བྱུང་མེད་པར་སྐྱོན་བརྗོད་ཀྱི་ངོ་བོའི་ཐོག་ནས་འགྲེལ་བརྗོད་གནང་བ་དང།  ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་
ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཐད་དམ་དྲག་སྟངས་འཛིན་གྱི་འཆར་གཞི་གདིང་བཞིན་ཡོད་པ་སོགས་བཀོད་ཡོད་པ་རེད།
སྙན་ཐོ་དེའི་ནང་འདས་པའི་ལོ་གཅིག་རིང་།  དཀར་མཛེས་ཁུལ་དུ་བསྟན་དགའ་ལགས་དང་།  རྔ་པ་ཀིརྟི་དགོན་གྱི་གྲྭ་ཟུར་དཀོན་དཔེ་ལགས།  དེ་བཞིན་རྔ་པ་རྨེའུ་རུ་མའི་གྲོང་ཚོ་ ༤ པའི་ནང་ཚེ་ཁོག་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བ་སོགས་བཀོད་པ་དང་།  རང་ལུས་མེར་བསྲེགས་སྐོར་གནས་ཚུལ་བགོ་འགྲེམས་བྱས་པར་ཉེས་འཛུགས་ཀྱིས་མཚོ་སྔོན་དང་སྐྱེ་རྒུ་མདོ་ས་ཁུལ་ནས་བོད་མི་ ༧ འཇུ་བཟུང་བྱས་པ།  བོད་རང་སྐྱོང་ལྗོངས་ཟེར་བ་དང་གཞན་ཡང་བོད་རིགས་རང་སྐྱོང་ས་ཁུལ་ཁག་ཏུ་དྭོགས་གཞིའི་འོག་ལྟ་སྲུང་ནན་པོ་བྱེད་བཞིན་པ་མ་ཟད།  བོད་ཀྱི་སྐད་ཡིག་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས་ལ་ལོ་ ༥ དུས་བཀག་བཙོན་འཇུག་གི་ཁྲིམས་ཆད་གཏོང་བཞིན་པའི་གནས་ལུགས་གསལ་བཏོན་གནང་སྟེ།  བོད་འདི་བྱང་ཀོ་རི་ཡའི་རྗེས་སུ་སྨྲ་བརྗོད་རང་དབང་གི་གནས་སྟངས་སྡུག་ཤོས་ཨང་གཉིས་པ་ཡིན་པ་འགྲེལ་བརྗོད་གནང་ཡོད་པ་རེད།
དེ་བཞིན་སྙན་ཐོ་དེའི་ནང་རྒྱ་ནག་གཞུང་གིས།  རྒྱ་གར་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་དང་གནས་མཇལ་དུ་བསྐྱོད་དེ་བོད་ནང་ཕྱིར་ལོག་བྱས་པ་རྣམས་ལ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལས་རིམ་སྤེལ་ཡོད་པ་བརྗོད་པ་དང་། གཞན་ཡང་བོད་ནང་དུ་འཛུགས་སྐྲུན་དང་ཚོང་དོན་སོགས་ཀྱི་ལས་གཞི་སྤེལ་སྐབས།  ཁོར་ཡུག་སྣོད་བཅུད་ལ་བསམ་གཞིགས་མ་བྱས་པ་དང་། བོད་ནང་ནས་གཏེར་ཁ་བསྔོག་འདོན་ལ་ངོ་རྒོལ་བྱ་མཁན་བོད་མི་ ༣༠ ཙམ་འཛིན་བཟུང་དང་།  ཁ་ཁ་ཤི་ལི་གནའ་ཤུལ་སྲུང་སྐྱོབ་ཀྱི་ས་ཁུལ་དུ་བོད་མི་ཚོ་སྔར་བཞིན་འགྲོ་བསྐྱོད་མི་བཅུག་པར། རྒྱ་གཞུང་གིས་བཀོད་ཁྱབ་ཡོད་པའི་མི་སྣ་མ་གཏོགས་བཀག་འགོག་བྱེད་ཀྱི་ཡོད་པ་སོགས་གསལ་སྟོན་གནང་འདུག
ཨ་རིའི་གྲོས་ཚོགས་ཀྱི་སྙན་ཐོ་དེའི་ནང་ད་དུང་།  ཨ་རི་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་རྒྱ་ནག་དང་དཔལ་འབྱོར། རིག་གཞུང་སོགས་མཉམ་ལས་སྤེལ་བ་ཡིན་ན་རྒྱ་ནག་གི་སྤྱི་ཚོགས་གུ་ཡངས་སུ་འགྲོ་རྒྱུའི་རེ་བ་བྱས་ཡོད་ན་ཡང་།  ད་ཆ་རྒྱ་ནག་གི་ཞི་དྲག་གི་སྟོབས་ཤུགས་རྒྱས་བཞིན་པ་དང་དུས་མཚུངས་རྒྱ་ནག་ནང་དུ་ཁྲིམས་ལུགས་ཀྱི་དབང་བསྒྱུར་དང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་མེད་པའི་གནས་སྟངས་མངོན་གསལ་ཆེ་རུ་སོང་བར་མ་ཟད།
དམིགས་བསལ་ཞི་ཇིན་པིང་རྒྱ་ནག་གི་འགོ་ཁྲིད་དུ་སླེབས་པ་ནས་བཟུང་འགྲོ་བ་མིའི་ཐོབ་ཐང་དང་འགལ་འཛོལ་གྱི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་བཀོད་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།