གཏེར་སྔོག་ལ་ངོ་རྒོལ་གནང་མཁན་ཚེ་དབང་སྐྱབས་འདས་གྲོངས།


2017.04.29
གཏེར་ཁ་སྔོག་འདོན་ལ་ངོ་རྒོལ་གནང་མཁན་ཚེ་དབང་སྐྱབས་འདས་གྲོངས་སུ་གྱུར་བ། ཨ་མཆོག་གོང་སྔོན་བླ་རིའི་གཏེར་ཁ་སྔོག་པར་ངོ་རྒོལ་བྱེད་བཞིན་པ། ༢༠༡༦།༥།༣༡
བོད་ནས་འབྱོར་བ།

༄༅། །མདོ་སྨད་ཨ་མཆོག་གི་གོང་སྔོན་བླ་རིའི་ནང་གསེར་གྱི་གཏེར་ཁ་སྔོག་འདོན་གྱི་ལས་གཞིར་ངོ་རྒོལ་བྱེད་མཁན་གྱི་འགོ་ཁྲིད་གྲས་ཚེ་དབང་སྐྱབས་ལགས་འདས་གྲོངས་སུ་གྱུར་འདུག

འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་མཁོ་སྤྲོད་བྱུང་བར་ལྟར་ན།  ཨ་མཆོག་ཚེ་དབང་སྐྱབས་ལགས་ཡུན་རིང་ནད་མནར་རྗེས་ ༢༠༡༧ ཕྱི་ཟླ་ ༤ ཚེས་ ༢༥ ཉིན་འདས་གྲོངས་སུ་གྱུར་འདུག་པ་དང་།  ཁོང་ནི་མདོ་སྨད་ཨ་མཆོག་ས་ཁུལ་གོང་སྔོན་བླ་རིར་རྒྱ་ནག་གཞུང་གིས་གཏེར་ཁ་སྔོག་འདོན་གྱི་ལས་གཞིར་ ༢༠༡༦ ལོའི་ཕྱི་ཟླ་ ༥ ཚེས་ ༣༡ ནས་ཕྱི་ཟླ་ ༦ ཚེས་ ༢ བར་ཨ་མཆོག་ཡུལ་ཚོའི་སྡེ་པ་འདྲ་མིན་གྱི་མི་དམངས་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས། སྣེ་ཁྲིད་པ་གཙོ་བོའི་གྲས་ཤིག་ཡིན་པ་དང་།  ༢༠༡༦ ཕྱི་ཟླ་ ༦ ཚེས་ ༢ ཉིན་རྒྱ་མིའི་ཉེན་རྟོག་པ་དང་དམག་མི་འབོར་ཆེ་འབྱོར་ཏེ་ཁོང་དང་དེ་མིན་གྱི་མི་དྲུག་ལ་གཅར་རྡུང་ཚབས་ཆེ་བཏང་སྟེ་སྨན་ཁང་དུ་སྐྱེལ་དགོས་པའི་གནས་ཚུལ་བྱུང་ཡོད་པ་རེད།

ས་གནས་བོད་མི་ཚོས། གོང་སྔོན་བླ་རི་ནས་གཏེར་ཁ སྔོག་པ་ནི་ཁོར་ཡུག་གཏོར་སྐྱོན་དང་། ས་གནས་བོད་མིའི་ཡུལ་གོམས་ལ་གུས་བརྩི་མ་བྱས་བ་བརྗོད་ཡོད་པ་དང་།  ས་གནས་རྒྱ་ནག་གི་གཏེར་འདོན་ཚན་པས་ཨ་མཆོག་གོང་སྔོན་དུ་གཏེར་ཁ་སྔོག་འདོན་བྱས་ནས་མི་ལོ་བཅུ་ཙམ་འགྲོ་བཞིན་ཡོད་འདུག་པ་དང་། དེའི་རིང་ས་གནས་བོད་མི་ཆོས་གཏེར་སྔོག་མཚམས་འཇོག་གི་ཐད་ལན་མང་རེ་ཞུ་བྱས་ཀྱང་ཕན་ནུས་བྱུང་མེད་པ་རེད་འདུག

ཚེ་དབང་སྐྱབས་ལགས་ལ་སྔ་ལོ་རྒྱ་ནག་གཞུང་གིས་ཉེས་རྡུང་དྲག་པོ་བཏང་པའི་དོན་རྐྱེན་བྱུང་བ་ནས་བཟུང་ནད་གཞི་ཚབས་ཆེ་ཞིག་ཕོགས་ཏེ་སྨན་བཅོས་དང་རིམ་འགྲོ་སོགས་གང་ཡང་བྱས་ཀྱང་། དྲག་བསྐྱེད་གང་ཡང་མ་བྱུང་བར་ཉིན་ཤས་སྔོན་ཕྱི་ཟླ་ ༤ ཚེས་ ༢༥ ཉིན་འདས་གྲོངས་སུ་གྱུར་འདུག།

གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ལོ་ངོ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་ཨ་ཚོགས་དགོན་གྱི་རིག་དངོས་རྩིས་མེད་ཀྱིས་གནས་སྤོར་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎