རྒན་གྱ་ནས་བོད་མི་གསུམ་གྱིས་ཕྱི་ཕྱོགས་སུ་འབྲེལ་བ་བྱས་ཚུལ་གྱིས་འཛིན་བཟུང་བྱས་འདུག

2019-12-18
གློག་འཕྲིན།
མཆན།
Share
པར་བཀོད།
མཛད་སྤྱོད་པ་ཞིག་གིས་སྐད་འཕྲིན་སྤྱོད་བཞིན་པ།
མཛད་སྤྱོད་པ་ཞིག་གིས་སྐད་འཕྲིན་སྤྱོད་བཞིན་པ།
Lhuboom/RFA

མདོ་སྨད་མདོ་ལྷོ་བསང་ཆུ་རྫོང་ཁོངས་ཀྱི་རྒན་གྱ་རུ་ངན་སྡེ་བའི་བོད་མི་གསུམ་གྱིས་ཕྱི་རྒྱལ་ལ་འབྲེལ་བ་བྱས་ལུགས་ཉེས་འཛུགས་ཀྱིས་འཛིན་བཟུང་བྱས་ཡོད་པ་ལས་གཅིག་གློད་བཀྲོལ་བྱུང་ཡོད་པར་ཚོད་དཔག་གནང་གི་འདུག
ཉེ་ལམ་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་ནས་ལོ་ངོ་༣༠་འཁོར་བའི་དུས་ཆེན་གྱི་ཉིན་ཁ་ཤས་སྔོན། སྤྱི་ཟླ་༡༢་པའི་ཚེས་༧་དང་༨་ཡས་མས་སུ། མདོ་སྨད་མདོ་ལྷོ་བླ་བྲང་བསང་ཆུ་རྫོང་གི་རྒན་གྱ་རུ་ངན་སྡེ་བ་ནས་ཡིན་པའི་བོད་མི་ཚེར་རྒན་དང་། ཀླུ་འབུམ་རྡོ་རྗེ། དེ་མིན་མིང་གསལ་བོ་མ་ངེས་པའི་མི་ཞིག་བཅས་བོད་མི་གསུམ་གྱིས་ཕྱི་རྒྱལ་གྱི་སོ་སོའི་ནང་མི་ཉེ་འབྲེལ་ལ་སྐད་འཕྲིན་གྱི་བརྒྱུད་ལམ་ཐོག་འབྲེལ་བ་བྱས་ལུགས་ཉེས་འཛུགས་ཀྱིས། རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་པ་དངོས་བདེན་དང་ཁུངས་ལྡན་གནས་ཚུལ་རེད་ཅེས། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་མིང་བརྗོད་འདོད་མེད་པའི་གནས་ཚུལ་ཡོང་ཁུངས་གཉིས་ནས་འགྲེལ་བརྗོད་གནང་ཡོད། གནས་ཚུལ་ངོ་སྤྲོད་པས། ད་ཆ་ཁོང་ཚོ་ལས་ཀླུ་འབུམ་རྡོ་རྗེ་ཡིས་སྐད་འཕྲིན་བསྐྱར་དུ་བེད་སྤྱོད་བཏང་སྟེ། སྤྱིར་བཏང་གི་གནས་ཚུལ་རེ་གསར་དུ་བཀོད་ཡོང་གི་འདུག་པར་བལྟས་ན། ཁོང་གློད་གྲོལ་བཏང་ཚར་ཡོད་པ་འདྲ་ཞེས། ཁོང་ལ་འབྲེལ་ཡོད་བོད་མི་ཞིག་གིས་ཁུངས་ལྡན་གནས་ཚུལ་ངོ་སྤྲོད་གནང་བྱུང་ཟེར།
གནས་ཚུལ་དེའི་ཐད་འདི་ག་རླུང་འཕྲིན་ཁང་གིས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཨརྱ་ཚེ་དབང་རྒྱལ་པོ་ལགས་སུ་བཅར་འདྲི་ཞུས་སྐབས། ཁོང་གིས། ནམ་རྒྱུན་དུས་ཆེན་གལ་ཆེན་རེ་རེ་བསླེབས་ཡོང་དུས། རྒྱ་ནག་གཞུང་གིས་བོད་ནང་དམ་དྲག་ཤུགས་ཇེ་ཆེར་གཏོང་བ་དང་། ནང་གི་གནས་ཚུལ་ཕྱི་ལ་ཤོར་དོགས་ཀྱི་འཇིགས་སྣང་ཆེན་པོ་བྱེད་བཞིན་པ་ལས་བོད་མི་ཚོས་རྒྱ་ནག་གཞུང་ལ་ཡིད་ཆེས་མེད་པ་གསལ་བོ་མཚོན་པ་རེད་ཅེས། འགྲེལ་བརྗོད་གནང་གི་འདུག
རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་ཚེར་རྒན་ལགས་ནི། རང་ལོ་༣༠་ཡས་མས་ཀྱི་གཞོན་སྐྱེས་ཤིག་ཡིན་པ་དང་། ཀླུ་འབུམ་རྡོ་རྗེ་ནི་ཆུང་དུས་ནས་རྣ་བ་འོན་པར་གྱུར་བསྡད་པ་ཞིག་ཡིན་ནའང་། ཐང་ག་འབྲི་རྒྱུ་ལ་དོ་སྣང་གིས་ལྷ་བྲིས་སྒྱུ་རྩལ་པ་ཞིག་ཏུ་གྱུར་ཡོད་ཅིང་། མདོ་སྨད་རྒན་གྱ་ས་གནས་ཚུད་པའི་ཀན་ལྷོ་བོད་རིགས་རང་སྐྱོང་ས་ཁོངས་སུ། འདི་ལོ་སྤྱི་ཟླ་གསུམ་པ་ནས་བཟུང་དྲ་ལམ་དུ་དམ་དྲག་བྱ་ངེས་ཡིན་ལུགས། རྒྱ་ནག་གཞུང་གིས་ཡོངས་ཁྱབ་ཏུ་གསལ་བསྒྲགས་སྤེལ་ཡོད་པའི་ཐོག དམིགས་བསལ་སྐད་འཕྲིན་གྱི་བརྒྱུད་ལམ་ཁག་ཏུ། ཁྲིམས་འགལ་གྱི་གནས་ཚུལ་དང་དཀྲོག་གཏམ་སྤེལ་བ། བོད་མིའི་ཆོས་དང་རིག་གཞུང་གི་ཐོག་ནས་བོད་མིའི་ངོ་བོ་གསལ་འདོན་བྱེད་པ་དང་། ༧གོང་ས་མཆོག་གི་བཀའ་དགོངས་དང་གསུང་ཆོས་ཀྱི་རིགས་བཅས་སྤེལ་ཐལ་བྱུང་ན། སྐད་འཕྲིན་ལ་གཞུང་གིས་ལྟ་རྟོག་ནན་པོ་བྱས་ཡོད་པས། ཁྲིམས་འགལ་བ་དེ་རིགས་ལ་ལོ་གཅིག་ནས་བརྒྱད་བར་གྱི་ཁྲིམས་ཐག་གཅོད་རྒྱུ་འང་རྒྱ་ནག་གཞུང་གིས་གསལ་བསྒྲགས་སྤེལ་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།