བཞུགས་སྒར་དུ་བོད་ཀྱི་སྒྱུ་རྩལ་བའི་དུས་སྟོན་ཐེངས་དང་པོ་འཚོགས་གནང་ཡོད་པ།
བཞུགས་སྒར་དུ་བོད་སྨྱུག་དཔེ་སྐྲུན་ཁང་གིས་གོ་སྒྲིག་གནང་སྟེ་ཟླ་ ༡༡ ཚེས་ ༢༩ ཉིན་ནས་ཟླ་ ༡༢ པའི་ཚེས་༡ བར། རྩོམ་རིག་དང་རོལ་དབྱངས། རི་མོ་སོགས་ཀྱིས་མཚོན་པའི་སྒྱུ་རྩལ་གྱི་རྣམ་གྲངས་འདྲ་མིན་དང་འབྲེལ་ཏེ།བོད་ཀྱི་སྒྱུ་རྩལ་བའི་དུས་སྟོན་ཐེངས་དང་པོ་འཚོགས་ཡོད་ཅིང་དུས་སྟོན་གོ་སྒྲིག་གནང་མཁན་བོད་སྨྱུག་དཔེ་སྐྲུན་ཁང་གི་རྩོམ་པ་པོ་ལྡུམ་ར་བུ་ཆུང་བསོད་ནམས་ལགས་ནས། བོད་ཀྱི་ད་ལྟའི་རྩོམ་རིག་སྒྱུ་རྩལ་དང་གཞས་ཀྱི་གནས་བབ་གང་འདྲ་ཆགས་ཡོད་པ་དང་། འཕྲལ་དུ་ཁ་འཐོར་བོད་མི་ཚོར་བོད་མི་ཡིན་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བར་ཞབས་འདེགས་སྒྲུབ་པ། ཕུགས་སུ་བོད་ཀྱི་རིག་གཞུང་གི་ནུས་པ་དེ་རྒྱལ་སྤྱིའི་ནང་སྤེལ་ཐུབ་པར་སྒྱུ་རྩལ་གྱིས་ཕན་ནུས་འདོན་ཐུབ་པ་སོགས་ཀྱི་ཆེད་དུས་སྟོན་འདི་གོ་སྒྲིག་གནང་བ་འགྲེལ་བརྗོད་གནང་གི་འདུག
བཙན་བྱོལ་ནང་དུ་ཐེངས་དང་པོར་འཚོགས་པའི་བོད་ཀྱི་སྒྱུ་རྩལ་བའི་དུས་སྟོན་འདིར། རྒྱ་གར་དང་བལ་ཡུལ་ཙམ་མ་ཟད་ནུབ་ཕྱོགས་ཡུལ་གྲུ་ཁག་ནས་བོད་མི་སྒྱུ་རྩལ་བ་མང་དག་ཅིག་ཆེད་དུ་ཕེབས་ཡོད་པས། བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་ཕྱི་ལོ་ ༡༩༨༠ ནང་རང་བཙན་གཞོན་ནུ་རོལ་ཚོགས་ཀྱིས་གླུ་གཞས་སྒྲ་ཐག་ཅིག་བཏོན་པ་དང་ཆབས་ཅིག ང་ཚོ་བོད་ཀྱི་འབྲོག་པ་ཞེས་པའི་གླུ་གཞས་ཤིག་གསར་རྩོམ་གྱིས་ཆེས་ཐོག་མར་བླངས་ཏེ། ཕྱིས་སུ་བཙན་བྱོལ་སྤྱི་ཚོགས་ནང་གླུ་གཞས་དེ་དར་ཁྱབ་ཆེན་པོར་གྱུར་ནས་བསྐྱར་ལེན་བྱེད་མཁན་ཧ་ཅང་མང་པོ་བྱུང་ཡོད་པས། ང་ཚོ་བོད་ཀྱི་འབྲོག་པ་ཐོག་མར་ལེན་མཁན་གྲས་དང་གཞས་གདངས་རྩོམ་པ་བོ་ཁ་ན་ཊའི་ནང་གནས་སྡོད་ཕུར་བ་ཚང་ཚེ་རིང་དཔལ་འབྱོར་ལགས་ནས། གཞས་དེར་མི་མང་པོས་དགའ་མོས་གནང་དོན་ནི།ཡིག་སྐད་དེ་ཙམ་མེད་པར་ཕལ་སྐད་ཀྱི་ལམ་ནས་བླངས་ཡོད་པས་ཡིན་པར་སྙམ་ཞེས་འགྲེལ་བརྗོད་གནང་གི་འདུག
རོལ་དབྱངས་དུས་སྟོན་འདིའི་ནང་བོད་ཀྱི་སྲོལ་རྒྱུན་དང་དེང་རབས་གཉིས་ཀའི་རོལ་གཞས་དང་རྩོམ་རིག་སོགས་སྣ་མང་ཡོད་པས། དུས་སྟོན་དབུ་འབྱེད་དུ་མདོ་སྨད་ཀྱི་དམངས་གཞས་ལེན་མཁན་གླུ་མ་བསོད་ནམས་སྒྲོལ་མ་ལགས་ནས། སྒྱུ་རྩལ་བ་མང་པོ་ཞིག་ལྷན་འཛོམས་ཐོག་གླུ་གཞས་ལེན་རྒྱུ་བྱུང་བར་སེམས་ནང་དགའ་སྤྲོ་ཆེན་པོ་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག
ནུབ་ཕྱོགས་པ་ཚོར་བོད་ཀྱི་རོལ་དབྱངས་དང་གླུ་གཞས་བླངས་ཏེ་སྐད་གྲགས་ཆེན་པོ་ཆགས་པ། ཨའོསི་ཊརེ་ལི་ཡ་ནས་ཡོང་བ་བསྟན་འཛིན་ཆོས་རྒྱལ་ལགས་ནས་ཀྱང་། དུས་སྟོན་འདིར་གླུ་གཞས་འགའ་ཕུལ་བ་དང་འབྲེལ་སྒྱུ་རྩལ་གྱི་ལམ་ནས་ང་ཚོས་སྙོབ་མི་ཐུབ་ས་མང་པོ་ཞིག་ལའང་སྙོབ་ཐུབ་ཀྱི་ཡོད་པར་བརྟེན། དུས་སྟོན་འདིར་བཅར་ནས་ཚོར་བ་རྣོན་པོ་ཡོང་གི་འདུག་ཅེས་འགྲེལ་བརྗོད་གནང་གི་འདུག
བོད་ཀྱི་སྒྱུ་རྩལ་བའི་དུས་སྟོན་ཐེངས་དང་པོ་འདིར། རྩོམ་རིག་ལ་མཁས་པ་དང་རི་མོ་བ། རོལ་དབྱངས་དང་གཞས་ཞབས་བྲོ། སྐད་ཡིག་ལ་མཁས་པ་བཅས་བོད་མི་ཤེས་ཡོན་ཅན་དང་སྒྱུ་རྩལ་བ་མང་པོ་ལྷན་འཛོམས་གནང་སྟེ། སྒྱུ་རྩལ་གྱི་རྣམ་གྲངས་འདྲ་མིན་དང་ལྷག་པར་བོད་ཀྱི་རྩོམ་རིག་སྒྱུ་རྩལ། སྐད་ཡིག་གོང་སྤེལ་བཅས་ཀྱི་ཐོག་བགྲོ་གླེང་དང་བསམ་ཚུལ་བརྗེ་རེས། རོལ་གཞས་ཀྱི་འཁྲབ་སྟོན་སོགས་གནང་གི་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།