ཨོསི་ཊརེ་ལི་ཡའི་བོད་རིགས་སྤུན་ཟླའི་མཐུན་འབྲེལ་ལྷན་ཚོགས་ཟེར་བ་དེ་ངོས་ལེན་མེད་པའི་བསྒྲགས་གཏམ་སྤེལ་འདུག

དེ་ཡང་ཨོསི་ཊརེ་ལི་ཡའི་(Australia)་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པས་ཟླ་༥ པའི་ཚེས་༡༢ཉིན་གསལ་བསྒྲགས་ཤིག་སྤེལ་ནས། རྒྱ་ནག་གཞུང་གི་བཀོད་ཇུས་འོག་ཨོསི་ཊརེ་ལི་ཡར་གནས་སྡོད་བོད་མི་དཔལ་འབྱོར་ཚེ་རིང་དང་འཕྲིན་ལས་རིན་ཆེན་གཉིས་ཀྱིས་སྣེ་ཁྲིད་དེ་ཨོསི་ཊརེ་ལི་ཡའི་བོད་རིགས་སྤུན་ཟླ་མཐུན་འབྲེལ་ལྷན་ཚོགས་ཟེར་བ་བཙུགས་ཏེ། སྔ་ཕྱི་བར་གསུམ་དུ་༧གོང་ས་མཆོག་གི་དགོངས་བཞེད་དང་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས། བོད་རྒྱ་ཆེའི་མི་མང་གི་ཁེ་ཕན་བཅས་གང་ལའང་ལྟོས་མེད་ཀྱིས་རྒྱའི་བྱེད་སྒོ་ཆེ་ཆུང་སྣ་ཚོགས་སུ་ངོ་ཚ་ཁྲེལ་གཞུང་མེད་པར་རང་འདོད་ཀྱིས་ཞུགས་པ་མ་ཟད། བོད་མི་གཞན་ཚོའང་ཚོགས་པ་དེའི་ནང་ཞུགས་ཐབས་སུ་མགོ་བསྐོར་བསླུ་འཁྲིད་དང་ངན་ཇུས་བཤམས་བཞིན་ཡོད་ཅེས་སྐྱོན་བརྗོད་བྱས་བ་དང་མཉམ། ཚོགས་པ་དེ་ངོས་ལེན་མེད་ཅེས་གསལ་བསྒྲགས་སྤེལ་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དེའི་ཐད་དཔལ་འབྱོར་ཚེ་རིང་དང་འཕྲིན་ལས་རིན་ཆེན་གཉིས་ལ་འབྲེལ་བ་བྱེད་ཐབས་བྱས་ཀྱང་མཐུད་ཐུབ་མ་བྱུང་།
ཟླ་༥པའི་ཚེས་༡༢ཉིན། ཨོསི་ཊརེ་ལི་ཡའི་སེ་ཌི་ནི་གྲོང་ཁྱེར་དུ་ཨོསི་ཊརེ་ལི་ཡའི་བོད་རིགས་སྤུན་ཟླའི་མཐུན་འབྲེལ་ལྷན་ཚོགས་ཟེར་བས་བཞུགས་མོལ་ཚོགས་འདུ་ཞིག་བསྐོངས་ཡོད་པ་དང་། ཚོགས་འདུ་དེའི་ཐོག་སེ་ཌི་ནི་རུ་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གི་མི་སྣ་དང་། ཨོསི་ཊརེ་ལི་ཡའི་བོད་རིགས་སྤུན་ཟླའི་མཐུན་འབྲེལ་ལྷན་གྱི་ཚོགས་གཙོ་དཔལ་འབྱོར་ཚེ་རིང་དང་ཚོགས་གཞོན་འཕྲིན་ལས་རིན་ཆེན། དེ་མིན་ས་གནས་རྒྱ་རིགས་འཐུས་ཚབ་བཅས་ཞུགས་ཡོད་པ་རེད། བཞུགས་མོལ་ཚོགས་འདུའི་སྐབས། དཔལ་འབྱོར་ཚེ་རིང་ཟེར་བས་བོད་མི་རིགས་རྒྱ་ནག་གི་ཆ་ཤས་ཡིན། མདོ་དབུས་མཐོ་སྒང་གི་འགྲིམ་འགྲུལ་ཉིན་རེ་ཞག་རེར་སྟབས་ཇེ་བདེར་འགྲོ་བཞིན་ཡོད་ལ། མང་ཚོགས་ཀྱི་འཚོ་བའང་ཇེ་ཡག་ཏུ་འགྲོ་བཞིན་ཡོད། བོད་ཧྲིལ་བོ་དར་རྒྱས་འབྱོར་ཕྱུག་གི་ལམ་ཁར་འགྲོ་བཞིན་ཡོད་ཅེས་བཤད་ཡོད་པ་དང་། དེ་བཞིན་དུ་འཕྲིན་ལས་རིན་ཆེན་ཟེར་བས་བྱེས་ཀྱི་བོད་མི་ཚོར་ཕྱིར་ཕ་ཡུལ་ལ་ལོག་ནས་ཕ་ཡུལ་གྱི་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཆེན་པོ་ཕྱིན་པའི་དཔལ་ལ་རོལ་དགོས་ཞེས་སྐུལ་འདེད་བྱས་འདུག
བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་མི་སྒེར་དང་ཡང་ན་ཚོགས་པ་དང་སྒྲིག་འཛུགས་ཀྱི་ངོ་བོས་རྒྱ་ནག་འཐབ་ཕྱོགས་གཅིག་ལྷན་ཁང་དང་མཉམ་ལས་བྱས་ཏེ་ཕྱིར་ཕ་ཡུལ་ལ་ལོགས་པ་དང་རྒྱ་ནག་གི་ཕྱོགས་བྱས་ཏེ་སྐད་ཆ་བཤད་མཁན་ཉུང་ཤས་ཞིག་ཡོད། དེའི་ཐད་ད་ལྟ་ཨོསི་ཊརེ་ལི་ཡར་གནས་བཞུགས་བོད་རྒྱའི་རྩོམ་པ་པོ་དང་ཞིབ་འཇུག་པ་ལྷ་སྡེ་གནམ་ལོ་ཡག་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། བོད་དོན་བདེན་མཐའ་མ་གསལ་གོང་ཁག་ཅིག་གིས་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ལས་ཁང་དང་མཉམ་ལས་བྱས་པ་དེའི་རིགས་ནི་ཧ་ཅང་གི་མི་འོས་པ་ཞིག་ཡིན། རྒྱ་ནག་གཞུང་ལ་ཕྱོགས་པའི་མི་སྒེར་དང་ཚོགས་པ་དེ་ཚོ་ནི་ནུས་པ་ཅན་དེ་འདྲ་མིན་དུས། དུས་ནས་དུས་སུ་དེ་ཚོ་གླེང་བ་ལ་དགེ་སྐྱོན་གང་ཆེ་བསམ་བློ་གཏོང་དགོས་ཞེས་དཔྱད་བརྗོད་སྤེལ་སོང་།
བརྙན་ཐུང་ཞིག་གི་ནང་དུ་དཔལ་འབྱོར་ཚེ་རིང་གིས་བོད་པའི་ཕྱུ་པ་སེར་སྐྱ་ཞིག་གོན་ཏེ་མཚོ་ཁ་ཞིག་ཏུ་རྒྱ་སྐད་ཀྱི་ལམ་ནས། ང་ནི་ཨོསི་ཊརེ་ལི་ཡའི་བོད་རིགས་སྤུན་ཟླ་མཐུན་འབྲེལ་ཚོགས་པའི་ཚོགས་གཙོ་དཔལ་འབྱོར་ཚེ་རིང་ཡིན། རྒྱ་ནག་གི་ཕ་ཡུལ་དྲན་པའི་སྙན་ངག་ཚིག་རྐང་གཉིས་སྐྱོར་བ་དང་མཉམ་དུ། མི་རིགས་མཐུན་སྒྲིལ་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་སླར་གསོ་བྱེད་དགོས་ཞེས་བཤད་བཞིན་འདུག
གོང་བརྗོད་ཨོསི་ཊརེ་ལི་ཡའི་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་གསལ་བསྒྲགས་དེའི་ནང་དོན་ཚན་གསུམ་གསལ་སྟོན་གནང་ཡོད་པ་ནི། དང་པོ། ཨོསི་ཊརེ་ལི་ཡའི་བོད་རིགས་སྤུན་ཟླའི་མཐུན་འབྲེལ་ལྷན་ཚོགས་ཟེར་བ་དང་། དཔལ་འབྱོར་ཚེ་རིང་དང་འཕྲིན་ལས་རིན་ཆེན་གཉིས་ཀྱིས། ཨོསི་ཊརེ་ལི་ཡའི་བོད་མིའི་ཚབ་མཚོན་མི་ཐུབ་ཅིང་། ཚོགས་པ་དེ་དང་དེའི་ལས་དོན་རྣམས་ལ་ཨོསི་ཊརེ་ལི་ཡའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གིས་ངོས་ལེན་མེད་པ་དང་། གཉིས་པ། སྔ་ལོ་ཚོགས་པ་དེའི་ཚོགས་གཞོན་ཡིན་ཟེར་མཁན་འཕྲིན་ལས་རིན་ཆེན་གྱིས་སྣེ་ཁྲིད་དེ་བོད་མི་ཁག་ཅིག་བོད་ལ་གཉེན་འཕྲད་ལྟ་སྐོར་ལ་ཁ་གཡར་ནས་བསླུ་བྲིད་ཀྱི་གནས་སྟངས་བྱུང་ཡོད་པ་མ་ཟད། དེ་ལྟ་བུའི་མགོ་སྐོར་བསླུ་བྲིད་ཀྱི་ལྟ་སྐོར་ཟེར་བ་རིང་མིན་སླར་ཡང་འཆར་གཞི་ཡོད་པར་ཡིད་གཟབ་དགོས་པ། གསུམ་པ། ཨོསི་ཊརེ་ལི་ཡའི་བོད་མི་མང་ཆེ་བ་བོད་ཀྱི་ཆབ་སྲིད་བཙོན་པ་སོགས་རྒྱ་ནག་གཞུང་གི་བོད་མི་རིགས་ཐོག་ལ་འཛིན་པའི་སྲིད་ཇུས་རྒྱུས་མྱོང་མཁན་དང་མནར་གཅོད་མྱངས་མྱོང་མཁན་ཡིན་སྟབས། ཕ་གསོད་མཁན་ལ་རྔ་རྡུང་མཁན་དེ་རིགས་ཀྱི་གཡོ་ཇུས་འོག་ཏུ་མ་ཚུད་པ་གནང་གལ་ཆེ་བཅས་འབོད་སྐུལ་གནང་འདུག
ཨོསི་ཊརེ་ལི་ཡའི་བོད་རིགས་སྤུན་ཟླའི་མཐུན་འབྲེལ་ལྷན་ཚོགས་ཟེར་བ་དེ་དཔལ་འབྱོར་ཚེ་རིང་དང་འཕྲིན་ལས་རིན་ཆེན་གཉིས་ཀྱིས་༢༠༡༣་ལོར་བཙུགས་འདུག
གསར་འགོད་པ། སྟག་ལྷ་རྒྱལ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།