ལ་དྭགས་ཁུལ་གྱི་ནང་པའི་སློབ་ཕྲུག་ཚོས་ནང་ཆོས་ལ་དོ་སྣང་།

2020-01-18
གློག་འཕྲིན།
མཆན།
Share
པར་བཀོད།
སློབ་ཕྲུག་ཚོས་མཚན་ཉིད་རྩོད་བཞིན་པ།
སློབ་ཕྲུག་ཚོས་མཚན་ཉིད་རྩོད་བཞིན་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན། པདྨ་དངོས་གྲུབ།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནང་ཆོས་ལ་སློབ་སྦྱོང་བྱས་ཏེ་ནང་ཆོས་ལ་ཤེས་ནས་དད་པ་ཐོབ་རྒྱུ་གལ་ཆེན་པོ་ཡིན་པའི་ལམ་སྟོན་བཀའ་སློབ་ཡང་ཡང་ཕེབས་དོན་ལྟར་འདས་པའི་ལོ་ཤས་ནས་བཟུང་ལ་དྭགས་མི་མང་སློབ་གྲྭས་མཚོན་པའི་ས་ཁུལ་དེའི་སློབ་གྲྭ་ཁག་གི་སློབ་ཕྲུག་དགུན་ཁའི་དགུང་སེང་དང་བསྟུན་ནས་རྒྱ་གར་ལྷོ་ཕྱོཌ་མོན་གྷོ་འདོད་རྒུ་གླིང་འབྲས་སྤུངས་བློ་གསལ་གླིང་དུ་ནང་ཆོས་དང་རིག་ལམ། དེ་བཞིན་བོད་ཀྱི་སྐད་ཡིག་སོགས་ཀྱི་སྐོར་སློབ་འཁྲིད་གནང་བཞིན་ཡོད་པ་དེར་སློབ་ཕྲུག་ཚོས་དོ་སྣང་གྱིས་མཉམ་བཞུགས་གནང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད་འདུག དེའི་སྐོར་དཔེ་ཐུབ་ཁང་ཚན་གྱི་རྒན་བསྟན་འཛིན་ཟླ་གསལ་ལགས་ཀྱིས་ངོ་སྤྲོད་གནང་དོན་ལྟར་ན།        ན་ནིང་ལོར་དཔེ་ཐུབ་ཁང་ཚན་གི་སློབ་འཁྲིད་གནང་བ་དེའི་ནང་ལ་དྭགས་མི་མང་སློབ་གྲྭ་ཁོ་ནའི་སློབ་ཕྲུག་༦༠བརྒལ་བ་ཞིག་ཡོད་ཀྱང་ད་ལོ་དཔེ་ཐུབ་ཁང་ཚན་དང་བློ་གསལ་གླིང་གྲྭ་ཚང་ཟུང་འབྲེལ་གྱིས་གོ་སྒྲིག་གནང་སྟེ་ལ་དྭགས་ལམ་སྒྲོན་སློབ་གྲྭ་ཁག་གཉིས་དང་གཞོན་ནུ་དོན་གྲུབ་དང་ལྡི་ལི་དང་ལ་དྭགས་མི་མང་སློབ་གྲྭ་བཅས་ལ་དྭགས་ཁུལ་གྱི་སློབ་གྲྭ་ཁག་ལྔའི་སློབ་ཕྲུག་ཁྱོན་བསྡོམས་༧༠བརྒལ་བར་སློབ་འཁྲིད་གནང་བཞིན་ཡོད་པ་རེད་འདུག

དེ་མཚུངས་ད་ལོ་ཐེངས་དང་པོ་འབྲས་སྤུངས་བློ་གསལ་གླིང་ཀླུ་འཁྱིལ་ཁང་ཚན་ནས་༸གོང་ས་མཆོག་གི་བཀའ་དགོངས་ལམ་སྟོན་ལྟར་ལ་དྭགས་ལམ་སྒྲོན་སློབ་གྲྭའི་སློབ་ཕྲུག་ཚོའི་དོ་དབྱིངས་ལྟར་སློབ་ཕྲུག་དྲག་གྲས་བདམས་ནས་སློབ་མ་༢༥ལ་ད་ལོ་ཟླ་བ་འདིའི་ཕྱི་ཚེས་༤ནས་དབུ་འཛུགས་ཀྱི་དུས་ཡུན་ཟླ་བ་གཅིག་གི་རིང་ནང་ཆོས་དང་རིག་ལམ་དེ་བཞིན་བོད་ཀྱི་སྐད་ཡིག་སོགས་ཀྱི་སྐོར་སློབ་འཁྲིད་གནང་བཞིན་བ་དེ་དོན་འབྲས་གསོན་པ་ཞིག་འབྱུང་བཞིན་ཡོད་པའི་སྐོར་ཀླུ་འཁྱིལ་ཁང་གི་གཉེར་པ་རྒན་ལྷུན་གྲུབ་ལགས་ཀྱི་འགྲེལ་བརྗོད་གནང་ཡོད་པ་རེད།

ད་ལན་གོང་ཞུས་འབྲས་སྤུངས་བློ་གསལ་གླིང་གི་ཁང་ཚན་གཉིས་ནང་ལ་དྭགས་པའི་སློབ་ཕྲུག་རྣམས་ལ་སྦྱོང་བརྡར་གནང་བཞིན་པ་དེའི་ནང་བོད་པའི་སློབ་ཕྲུག་རེ་གཉིས་མ་གཏོགས་ཆ་ཚང་ལ་དྭགས་པ་ནང་པའི་སློབ་ཕྲུག་ཡིན་པ་རེད་འདུག་ལ། སློབ་ཕྲུག་དེ་དག་ལ་སྡོད་གནས་དང་ཟས་བཅས་ནི་འབྲེལ་ཡོད་གྲྭ་ཚང་དང་ཁང་ཚན་བཅས་ནས་གོ་སྒྲིག་གི་མཐུན་འགྱུར་གནང་བཞིན་ཡོད་པ་རེད་འདུག།

མཆན། (0)
Share
དྲ་གནས་ཆ་ཚང༌།